ལོ་ངོ་ཉི་ཤུའི་རིང་བཀག་བསྡོམས་བྱས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཡུལ་དགོན་གཉིས་ཀྱི་རི་སྐྱིད་འདུ་འཛོམས་ཚོགས་བཅུག་ཡོད་འདུག
ཕྱི་ལོ་༢༠༠༢ལོ་ནས་ཡུལ་དེའི་ཡུལ་དགོན་གཉིས་ལ་མི་མང་འདུ་འཛོམས་མི་ཆོག་པ་བྱས་ཏེ་རི་སྐྱིད་བཀག་བསྡོམས་བྱས་ཡོད་པ་དང་། དེ་སྔ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་སྤྲོ་སྐྱིད་འདུ་འཛོམས་དེའི་སྟེང་ཆང་རག་དང་ཐ་མག་གཙོས་སྨྱོ་རྫས་རིགས་སྤྱོད་མི་ཆོག་པ་བྱས་ཡོད།
- 2022-08-01
-
-
-
Your browser doesn’t support HTML5 audio
རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་༢༠་རིང་ཉག་ཆུ་རྫོང་ཐང་དཀར་མའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དགོན་ཡུལ་གཉིས་ལ་བཀག་བསྡོམས་བྱས་པའི་ཡུལ་དེའི་རི་སྐྱིད་ཞེས་པའི་མི་མང་རང་བཞིན་གྱི་འདུ་འཛོམས་སྤྲོ་སྐྱིད་དེ། འདི་ལོ་ས་གནས་སྲིད་གཞུང་གི་བཀོད་ཁྱབ་འོག་འཚོག་བཅུག་བཞིན་ཡོད་འདུག་ལ། ད་ལྟའི་ཆར་ཚོགས་བཅུག་དགོས་པའི་དམིགས་ཡུལ་སོགས་དམིགས་བསལ་ཤེས་རྟོགས་མེད་ན་ཡང་། སྤྲོ་སྐྱིད་སྟེང་རྒྱ་ནག་གི་དར་དམར་སོགས་བཙུགས་ཏེ་རྒྱ་ཆེན་པོ་ཚོགས་བཅུག་ཡོད་པ། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་འཛིན་བཟུང་དང་འབྲེལ། ཕྱི་ལོ་༢༠༠༢ལོ་ནས་ཡུལ་དེའི་ཡུལ་དགོན་གཉིས་ལ་མི་མང་འདུ་འཛོམས་མི་ཆོག་པ་བྱས་ཏེ་རི་སྐྱིད་བཀག་བསྡོམས་བྱས་ཡོད་པ་དང་། དེ་སྔ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་སྤྲོ་སྐྱིད་འདུ་འཛོམས་དེའི་སྟེང་ཆང་རག་དང་ཐ་མག་གཙོས་སྨྱོ་རྫས་རིགས་སྤྱོད་མི་ཆོག་པ་བྱས་ཡོད་ཀྱང་། འདི་ལོ་ཚང་མ་ཉོ་ཚོང་རིགས་བྱ་དགོས་པ་བཟོས་ཡོད་པ་བརྗོད་བྱུང་།
སྤྱིར་ཡུལ་ཕྱོགས་དེའི་རི་སྐྱིད་ཅེས་པ་དེ་སྔ་བོད་ས་མ་ཤོར་སྔོན་ནས་ཡོད་པ་ཞིག་ཡིན་པ་དང་། རྗེས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཕྱིར་བོད་དུ་ཕེབས་རྗེས། སྔར་ལས་གྲ་རྒྱས་པོ་དང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་འཁྲབ་རྒྱུ་དང་མི་མང་ལ་ཆོས་གསུང་བ་དང་། ཡུལ་སྡེ་དེའི་ནང་བྱུང་བཞིན་པའི་གྱོད་སྣ་ཁ་མཆུ་སོགས་རི་སྐྱིད་དང་འབྲེལ་ཐག་གཅོད་རིགས་བྱེད་བཞིན་ཡོད་པ་དང་།གནས་ཚུལ་མཁོ་སྤྲོད་པ་གཞན་དེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་མཚོན་ཡུལ་དེའི་བླ་མ་ཡིན་སྟབས། རིན་པོ་ཆེ་ཕྱིར་ཕེབས་པ་ནས་བཟུང་རི་སྐྱིད་དེ་སྔར་ལས་ཡག་པོ་བྱུང་ཡོད་པ་མ་ཟད། ཡུལ་དེའི་མི་མང་ཚང་མས་ཆ་འཇོག་ཤུགས་ཆེན་ཡོད་པ་ཞིག་དང་། ཡུལ་མི་ཚོའི་ཁྲོད་བླ་མའི་བཀའ་གསུང་བརྩིས་ཏེ་རི་སྐྱིད་དང་འབྲེལ་ཆང་རག་དང་ཐ་མག་སྤྱོད་མཁན་རྩ་ནས་མེད་སྐོར་བརྗོད་བྱུང་།
ཐང་དཀར་མ་ཡུལ་སྡེའི་རི་སྐྱིད་ནི་ལོ་ལྟར་ཆོས་འཁོར་དུས་ཆེན་གྱི་ཟླ་བ་དང་འབྲེལ་ཡུལ་དེའི་ཁམས་ཎ་ལེནྡྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་གི་ཉེ་འགྲམ་རྩྭ་ཐང་དུ་ཚོགས་སྲོལ་ཡོད་པ་དང་། རི་སྐྱིད་དང་འབྲེལ་ཡུལ་མི་ཚོས་རྟ་རྒྱུག་གཙོས་གླུ་ལེན་གར་རྩེད་སོགས་རྒྱ་ཆེན་བྱེད་སྲོལ་ཡོད་འདུག། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༠༢ཟླ་༤པའི་ནང་འཛིན་བཟུང་གིས། སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་སྟེ་བཙོན་ཁང་ནང་ལོ་ངོ་༡༣རིང་བཞག་མཐར་ཕྱི་ལོ་༢༠༡༥ཕྱི་ཟླ་༧ཚེས༡༢ཉིན་ཁྲིན་ཏུའུ་བཙོན་ཁང་དུ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།