ཚུལ་ཁྲིམས་སྐལ་བཟང་ལ་ཐུག་འཕྲད་བྱེད་བཅུག་མི་འདུག
ཐུག་འཕྲད་བྱུང་མེད་སྟབས་ཁོང་གི་ནང་མི་སྤུན་མཆེད་ཚོས་ཁོང་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།
-
2014-06-23 -
-
-
ཐུག་འཕྲད་བྱུང་མེད་སྟབས་ཁོང་གི་ནང་མི་སྤུན་མཆེད་ཚོས་ཁོང་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད།
འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། དེང་སྐབས་བོད་ནང་རྒྱ་གཞུང་གིས་དབྱེ་བའི་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་ཉ་འཚོ་ཟིལ་དཀར་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་སྐལ་བཟང་ལགས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་ཡོད་པ་དང་། ཟླ་འདིའི་སྤྱི་ཚེས་༢ཉིན་ཁོང་གི་ནང་མི་ཚོ་བཙོན་ཁང་ནང་ཁོང་ཐུག་འཕྲད་དུ་ཕེབས་སྐབས་བཙོན་སྲུང་བས་བཀག་འགོག་བྱས་ཡོད་པ་དང་། དེར་བརྟེན་ཁོང་གི་ནང་མི་སྤུན་མཆེད་ཚོས་ཁོང་འཚོ་ཞུགས་ཡིན་མིན་ཐོག་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཉེ་བའི་ཆར་དགེ་འདུན་པ་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི་ནང་མི་ཚོས་ཟི་ལིང་གི་བཙོན་ཁང་ནང་ཁོང་ཐུག་འཕྲད་དུ་ཕེབས་སྐབས་བཙོན་སྲུང་བས་བཀག་འགོག་གིས་ཐུག་འཕྲད་བྱེད་བཅུག་མེད་པ་དང་ཆབས་ཅིག་བཙོན་སྲུང་བས་བརྗོད་དོན་ལྟར་ན། བཙོན་པ་རྣམས་ལ་ཐུག་འཕྲད་བྱེད་རྒྱུར་རང་རང་གི་ཐོབ་ཐང་ཡི་གེ་དགོས་པ་དང་། དེ་མེད་ན་ཐུག་འཕྲད་བྱེད་བཅུག་གི་མ་རེད་ཅེས་བཤད་ཡོད་པ་རེད། དགེ་འདུན་པ་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི་ནང་མི་ཚོས་ཁོང་ཐུག་འཕྲད་དུ་ཕེབས་ཆོག་པའི་ཐོབ་ཐང་ཡི་གེ་བཟོ་རྒྱུ་ཡང་བཀག་འགོག་བྱས་ཏེ་ད་བར་ནང་མི་སྤུན་མཆེད་སུ་འདྲ་ཞིག་ལ་ཐོབ་ཐང་ཡི་གེ་དེ་སྤྲད་མེད་པ་རེད། དེར་བརྟེན་ཁོང་གི་ནང་མི་ཚོས་ཧ་ཅང་གི་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་ནི་དགེ་འདུན་པ་ཚེ་ཁྲིམས་སྐལ་བཟང་ལགས་རྒྱ་ནག་གཞུང་གིས་བཙོན་འཇུག་མ་བྱས་གོང་དེར་མཆིན་པའི་ནད་གཞི་ཕོག་ཏེ་སྨན་ཁང་དུ་གཤག་བཅོས་ཐེངས་གཉིས་ཙམ་གནང་ཟིན་པ་དང་། གཤག་བཅོས་ཐེངས་གཉིས་པ་གནང་ནས་སྐུ་གཟུགས་ཡག་པོ་དྲག་སྐྱེས་མ་བྱུང་གོང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་མི་ལོ་བཅུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེར་བརྟེན་ཁོང་གི་ནང་མི་དང་། སློབ་ཕྲུག། དེ་བཞིན་འབྲེལ་ཡོད་མི་སྣ་ཡོངས་ནས་ཁོང་འཚོ་ཞུགས་ཡོད་མེད་ཐད་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ་ངོ་སྤྲོད་གནང་འདུག
ཚུལ་ཁྲིམས་སྐལ་བཟང་ལགས་ནི་ ༡༩༨༨ ལོར་སྐྱེ་རྒུ་མདོ་ཁྲི་འདུ་རྫོང་ཉ་མཚོ་སྡེ་བར་སྐྱེས་ཤིང་། ད་ལྟ་ཁོང་ལོ་རང་ལོ་ ༢༦ ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཨ་ཐུབ་དང་མའི་མིང་མ་སྒྲོལ་དཀར་མཚོ་ཟེར། ཁོང་ཕྱི་ལོ་ ༡༩༩༨ ལོ་སྟེ་རང་ལོ་བཅུའི་སྟེང་ཉ་མཚོ་ཟིལ་དཀར་དགོན་པའི་ཆོས་སྒོར་ཞུགས་ཏེ་ནང་ཆོས་ལ་སློབ་གཉེར་གནང་པ་དང་། ༢༠༠༤ ལོར་སེར་ར་དགོན་པར་ཆོས་ཞུགས་ཀྱིས་ལོ་མང་རིང་ནང་ཆོས་ལ་སློབ་གཉེར་བྱས། སྐབས་དེར་ཁོང་འཛིན་གྲྭའི་ནང་སློབ་སྦྱོང་ཡག་ཤོས་ཀྱི་གྲས་ཡིན་འདུག ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། རྒྱ་གཞུང་གིས་སེ་འབྲས་དགེ་གསུམ་གྱི་གྲྭ་བ་མང་པོ་འཇུ་བཟུང་བྱས་ཡོད་པ་ལྟར། ཁོང་ཡང་དེའི་གྲས་སུ་འཇུ་བཟུང་བྱས་ཏེ་ཟླ་ ༦ རིང་བཀག་ཉར་བྱས་མཐར། སེར་ར་དགོན་པ་ནས་འདུག་མ་བཅུག་པར་ཕྱིར་ཕ་ཡུལ་བཏང་ཡོད་པ་རེད། ༢༠༡༢ ཕྱི་ཟླ་ ༢ ཚེས་ ༨ ཉིན་བོད་ནང་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཆེད། བཙན་བྱོལ་གཞུང་མང་ཡོངས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་ཟས་བཅད་སྙུང་གནས་གནང་བཞིན་པའི་དུས་དང་བསྟུན་ནས། ཉ་མཚོ་ཟིལ་དཀར་དགོན་པའི་ནང་ཞི་བའི་སྐད་འབོད་ངོ་རྒོལ་བྱུང་ཡོད་པ་ལྟར། སྐབས་དེར་ཁོང་ཡང་ཞི་བའི་སྐད་འབོད་ནང་མཉམ་ཞུགས་གནང་ཡོད་འདུག ༢༠༡༢ ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་ཁྲིད་ཀྱིས་ཡུན་རིང་ག་སོང་ཆ་མེད་དུ་གྱུར་མཐར། གཅར་རྡུང་བཀག་ཉར་འོག་གཟུགས་པོ་ནད་པ་ཆགས་ཏེ་གནས་སྐབས་རིང་ཁྲིམས་ཐག་མ་བཅད་པར་ལྟ་རྟོགས་བཀག་ཉར་འོག་བཞག་ཡོད་ཀྱང་། ༢༠༡༣ལོའི་ཟླ༧་ཚེས་ ༡༢ ཉིན་ཁོང་ལ་མི་བསད་པའི་ཉེས་འཛུགས་འོག་ལོ་ ༡༠ ཁྲིམས་ཐག་བཅད་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།