ཚེ་རིང་དོན་གྲུབ་ཀྱིས་རང་ལུས་མེར་བསྲེཊ་རྗེས་གྲོངས་འདུག

དེ་རིང་ཚེས་༢༠ཉིན་གྱི་སྔ་དྲོ་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཚོ་བའི་བོད་མི་ཚེ་རིང་དོན་གྲུབ་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་སྐུ་གྲོངས་འདུག

ཚེ་རིང་དོན་གྲུབ་

དེ་ཡང་ཞིབ་ཕྲ་སྐུ་ཞབས་ཨ་འཇམ་གྱིས་འདི་གར་གནས་ཚུལ་བཏང་དོན། སྤྱི་ལོ༢༠༡༢ལོའི་ཟླ༡༡ ཚེས ༢༠ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད༨དང་༣༠ ཡས་མས་སུ་བོད་མདོ་སྨད་ཨ་མཆོག་ནས་ཡང་བསྐྱར་རང་ལུས་མེ་སྲེག་གིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱི་གནས་ཚུལ་བྱུང་བ་དང་། དེ་ནིཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་གསེས་ཁྱི་ངན་སྡེ་བའི་ཚེ་རིང་དོན་གྲུབ་ད་ལྟ་ལོ་ན་༣༥ ཡིན་པ་དང་། ཁོས་ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་ནས་རང་ལུས་མེ་བསྲེགས་བཏང་རྗེས་སྐུ་གྲོངས་འདུག ཁོང་གི་ཕའི་མིང་ལ་ཀླུ་འབུམ་རྒྱལ་རང་ལོ་༦༡དང། མ་མིང་ལ་འབྲུག་མོ་མཚོ་ལོ་༥༧ཡིན་ལ། སྤུན་མཆེད་ཀྱང་བཀྲ་ཤིས་རྒྱ་མཚོ་དང་སྒྲོལ་མ་སྐྱིད་བཅས་ཡོད་པ་དང། བཟའ་ཟླའི་མིང་ལ་རྟ་མགྲིན་འཚོ་ཟེར་ཞིང་བྱིས་པ་གཉིས་ཡོད་པའི་གཅིག་ལ་ལྷ་གོ་ཟེར།

གོང་གི་ཚེ་རིང་དོན་གྲུབ་ཁོང་ནི་མི་གཤིས་ཧ་ཅང་བཟང་བས་དུས་རྒྱུན་དུ་འཛུམ་ཤིག་ཤིག་ཏུ་སྡོད་པ་ཞིག་ཡིན་པས། སྡེ་མི་ཀུན་ཀྱང་ཧ་ཅང་དགའ་སའི་མི་སྣ་ཞིག་ཡིན་ལ། དུས་རྒྱུན་དུ་བོད་མི་རིགས་ཀྱི་བདེ་སྡུག་ལ་དོ་སྣང་ཆེ་ཞིང་བོད་དོན་སྐོར་གླེང་སྐབས་ཚོར་ཤུགས་རྣོ་ལ་སེམས་ཁུར་ཆེས་ཆེར་ཡོད་མཁན་ཞིག་ཡིན་ཚུལ་འདུག

ད་ལྟ་ཨ་མཆོག་དགོན་པའི་གྲྭ་བ་ཚོས་སྨོན་ལམ་གསུང་བཞིན་པ་དང་མི་མང་ཡང་ཤིན་ཏུ་མང་པོ་འབྱོར་བཞིན་པ་དང་། ཉེ་ཆར་སྤྱི་ཟླ༡༠ ཚེས༢༦ ལ་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ཀྱིས་ས་གནས་འདི་ནས་མེ་རྒོལ་གནང་བ་སོགས་ཀྱི་རྐྱེན་གྱིས་ས་གནས་སུ་དམག་མི་དང་ཉེན་རྟོག་ཤིན་ཏུ་མང་པོ་བཏང་འདུག་པས། ད་ལྟའི་གནས་སྐབས་སུ་དམིགས་བསལ་གྱིས་དམ་དྲག་བྱེད་པའི་གནས་ཚུལ་གང་ཡང་བྱུང་མི་འདུག་ ཁོ་ནི་ད་བར་བོད་ནས་རང་ལུས་མེ་བསྲེགས་གཏོང་མཁན་མི་གྲངས་༧༨བ་དེ་ཡིན་པ་རེད།

ཚེ་རིང་དོན་གྲུབ་ཀྱི་ནང་མི

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org