ཚེ་མགོན་རྒྱལ་ལ་རྒྱ་ནག་གིས་མི་ལོ་གསུམ་གྱི་དུས་བཀག་ཁྲིམས་ཐག་བཅད་འདུག

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་བསྐུལ་བྱས་པའི་ཉེས་མིང་འོག་ཚེ་མགོན་རྒྱལ་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཚེ་མགོན་རྒྱལ་ལགས། TCHRD

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་ལགས་ཀྱིས། དེ་སྔོན་སྐད་འཕྲིན་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཟེར་བའི་སྲིད་ཇུས་དེའི་ཐོག་དཔྱད་བརྗོད་རྩོམ་ཐུང་ཞིག་སྤེལ་བར་བརྟེན།  རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་བསྐུལ་བྱས་པའི་ཉེས་མིང་བཙུགས་ཏེ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་ཉེ་ཆར་ཕྱི་ཟླ་༡ ཚེས་༡༠ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། དགུང་ལོ་ ༥༥ ཡིན་པའི་ཚེ་མགོན་རྒྱལ་ལགས་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་དེ་ཟི་ལིང་གྲོང་ཁྱེར་གྱི་ཏུང་ཁྲན་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། བཙོན་ཐག་མ་བཅད་སྔོན་ལ་ཚེ་མགོན་རྒྱལ་ལགས་ཀྱི་ཕ་མ་གཉིས་དང་ཐུགས་འཕྲད་བྱེད་དུ་བཅུག་ཡོད་པ་དེ་ནི་ཁོང་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་པའི་རྗེས་ཕ་མ་གཉིས་དང་ཐུག་ཏུ་བཅུག་པ་ཐེངས་དང་པོ་ཡིན་པ་རེད་།
༢༠༡༦ ཟླ་༡༢ ཚེས་༩ ཉིན་རྒྱ་ནག་གཞུང་གིས་ཚེ་མགོན་རྒྱལ་ལགས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ཟླ་ ༨ ལྷག་རྐང་ཚ་རྫོང་དུ་་བཀག་ཉར་བྱས་ཡོད་པ་དང། ༢༠༡༧ ཟླ་༥ ཚེས་༣ ཉིན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཁྲིམས་བཤེར་གསལ་བསྒྲགས་ཏེ་ཚེ་མགོན་རྒྱལ་གྱི་ཕ་མ་དང་ཉེ་འབྲེལ་ཚོ་སྐད་མ་བཏང་བར་གསང་བའི་སྒོ་ནས་ཁྲིམས་བཤེར་བྱས་པ་མ་ཟད། ཁོང་ལ་ཁྲིམས་མཐུན་གྱི་ཁྲིམས་རྩོད་པའམ་ཁྲིམས་བཤེར་ཕྱི་གསལ་ནང་གསལ་གྱི་ཐོབ་ཐང་གང་ཡང་སྤྲད་མེད་པ་རེད།
ཚེ་མགོན་རྒྱལ་ལམ་རྐང་གཞོང་ཨ་ཚེ་ཞུ་བ། སློབ་ཆེན་མཐར་ཕྱིན་རྗེས་ས་གནས་སྲིད་གཞུང་གི་དགེ་རྒན་དང་རྫོང་ཉེན་རྟོག་ལས་ཁུངས་ནང་ཆེད་ལས་ལག་རྩལ་པའི་ཕྱག་ལས་གནང་བ་དང་། ལས་ཞོར་དུ་༼མཚོ་སྔོན་བོད་ཡིག་གསར་འགྱུར༽དང༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽གཉིས་ཀྱི་གསར་འགོད་པ་ལོ་མང་གནང་སྟེ་ཕུལ་བྱུང་གསར་འགོད་པའི་རྟགས་མའང་ཐེངས་མང་ཐོབ་པ་དང་། ༡༩༩༩ ལོར་ཁོང་བཙོན་གྲོལ་ཐོབ་རྗེས་རྐང་ཚ་དཀྱིལ་དུ་དབང་བོ་སྐྱོན་ཅན་གྱི་ལས་གཞི་ཞིག་འགོ་བཙུགས་ཡོད་པ་མ་ཟད། དབང་བོ་སྐྱོན་ཅན་གྱི་གླུ་གར་ཚོགས་པ་ཞིག་ཀྱང་བཙུགས་ཏེ་རྒྱ་ནག་ནང་འཁྲབ་སྟོན་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་འགོག་རྐྱེན་སྣ་མང་བཟོས་སྟབས་ཚོགས་པ་དེ་རྒྱ་གཞུང་ལ་རྩིས་སྤྲོད་དགོས་བྱུང་ཡོད་པ་དང་། ༢༠༡༥ ལོ་མཚོ་སྔོན་པོའི་ཁར་སྔར་རྒྱལ་དབང་ལྔ་པ་ཆེན་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དེར་བོད་མདོ་དབུས་ཁམས་གསུམ་ནས་ཡོང་མཁན་གནས་བསྐོར་བ་ཚོར་༼ཏཱ་ལའི་སྐོམ་ཆུ་༽གཙོས་པའི་ཟས་རིགས་རིན་མེད་དུ་སྤྲད་དེ། གནས་སྐོར་བ་ཚོར་བོད་ཀྱི་སྔར་སྲོལ་དྲན་སྐུལ་གནང་ཡོད་པ་རེད།

གསར་འགོད་པ་བློ་བྷེ། ཕབ་བཤུས་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org