ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་ཐོག་མུ་མཐུད་དུ་ལངས་ཕྱོཊ་མཁྲེགས་པོ་འཛིན་རྒྱུ་ཡིན་ཟེར།
ཨ་རིའི་ཁེ་ཕན་མ་འགྲུབ་བར་རྒྱ་ནག་ཐོག་མུ་མཐུད་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་དང་ཧོང་ཀོང་ཐོག་ལ་ཚུལ་མཐུན་གྱི་སྲིད་བྱུས་འཛིན་དགོས་པ་ཨ་རིའི་སྲིད་འཛིན་གྱིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སོང་།
-
2019-09-24 -
-
-
Your browser doesn’t support HTML5 audio
ཨ་རིའི་ཁེ་ཕན་མ་འགྲུབ་བར་རྒྱ་ནག་ཐོག་མུ་མཐུད་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་དང་ཧོང་ཀོང་ཐོག་ལ་ཚུལ་མཐུན་གྱི་སྲིད་བྱུས་འཛིན་དགོས་པ་ཨ་རིའི་སྲིད་འཛིན་གྱིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སོང་།
ཨ་མི་རི་ཀའི་སྲིད་འཛིན་(Trump)་མཆོག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཚོགས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༤ ་པའི་ཐོག་ཕྱི་ཟླ་ ༩ ་ཚེས་ ༢༤ ་ཉིན་གཏམ་བཤད་གནང་སྐབས། ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་མཉམ་དུ་ཚོང་འབྲེལ་གྱི་དམག་དོན་དེ་གཉིས་མོས་ཀྱི་གྲོས་མཐུན་ཞིག་གི་ཐོག་ལ་འབབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅིང་། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་མཉམ་དུ་འབྲེལ་བ་ཁོད་སྙོམ་པོའི་ཐོག་ལ་འབད་བརྩོན་ངེས་པར་བྱ་རྒྱུ་ཡིན་རུང་། ཨ་མི་རི་ཀར་གྱོང་གུན་འབྱུང་བའི་གྲོས་མཐུན་ཞིག་ལ་ནམ་ཡང་ངོས་ལེན་བྱེད་ཀྱི་མ་རེད་ཅེས་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་གནང་སོང་།
སྲིད་འཛིན་མཆོག་གིས་ད་དུང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་སྲིད་བྱུས་འཛིན་སྟངས་དེ་དབྱིན་ཇིའི་མཉམ་ཆིངས་ཡིག་བཞག་ནས་མཉམ་སྦྲེལ་རྒྱལ་ཚོགས་སུ་དེབ་སྐྱེལ་བྱས་པའི་འབྲུ་དོན་ཐོག་ལ་ལག་བསྟར་དང་ཉམས་ལེན་བྱེད་རྒྱུར་འཛམ་གླིང་ཡོངས་ཀྱིས་རེ་བ་བྱེད་ཀྱི་ཡོད་ཀྱང་། ཧོང་ཀོང་ཐོག་ལ་རྒྱ་ནག་གིས་ད་རེས་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་འདིས་རྒྱ་ནག་རང་ཉིད་ཀྱིས་འཛམ་གླིང་ནང་དུ་འགན་འཁུར་གང་འདྲ་བྱེད་གྲབས་ཡོད་མེད་མཚོན་ནུས་པ་ཞིག་འགྱུར་རྒྱུ་ཡིན་པས། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ལ་རེ་བ་ཆེན་པོ་རྒྱག་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་ཐོག་ལ་འདས་པའི་ལོ་ཤས་ནང་རྒྱ་མིའི་དངོས་ཟོག་ཨ་རིའི་ནང་ཚོང་བསྒྱུར་ཆེད་ནང་འདྲེན་བྱེད་རྒྱུར་སྔ་རྗེས་ཨ་སྒོར་ཐེར་འབུམ་ ༥༠༠ ལྷག་གི་སྒོ་ཁྲལ་སྤར་བ་དང་། རྒྱ་ནག་འདི་འཛམ་གླིང་ནང་ཚོང་དོན་གྱི་སྟོབས་ཤུགས་ཆེ་ཤོས་གཉིས་པར་སླེབས་ཡོད་ཀྱང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ཁུལ་གྱིས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་འོག་ནས་ཁེ་ཕན་མང་པོ་ལེན་བཞིན་པ་ནི་ཨ་མི་རི་ཀའི་ངོས་ནས་ཁས་ལེན་བྱ་ཐབས་བྲལ་བ་ཞིག་ཡིན་པ་གསུངས་ཡོད་པ་རེད།
ཨ་རིའི་སྲིད་འཛིན་གྱིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད་གནང་སྐབས། ཨ་རིའི་སྲིད་འཛིན་གཞོན་པ་མཡེཀ་པེཎསྀ་དང་། ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པི་ཡོ་བཅས་ཕེབས་ཡོད་པ་མ་ཟད། འཛམ་གླིང་ཡུལ་གྲུ་མང་པོའི་འགོ་ཁྲིད་ཕེབས་ཞུགས་གནང་ཞིང་། ཕྱི་ཟླ་ ༩ ་ཚེས་ ༢༤ ་ནས་ ༣༠ ་བར་འཛམ་གླིང་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། འཇིགས་སྐུལ་དྲག་སྤྱོད་པའི་གནད་དོན་སོགས་གནད་དོན་དུ་མའི་ཐོག་ལ་བཀའ་བསྡུར་གནང་བཞིན་ཡོད་པ་རེད།