ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་དང་ཚོང་དོན་གྱི་གན་རྒྱ་ཞིག་བཀག་འདུག

ཨ་མི་རི་ཀའི་སྲིད་འཛིན་གྱིས་རྒྱལ་ཁབ་ཀྱི་བདེ་སྲུང་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་རྒྱ་ནག་དང་མཉམ་དུ་བཞག་པའི་ཚོང་དོན་གྱི་གན་རྒྱ་ཞིག་བཀག་འདུག

ཨ་རིའི་སྲིད་འཛིན་(Donald Trump)་མཆོག ༢༠༡༧།༩ AFP

ཨ་རིའི་གློག་ལས་འཕྲུལ་འཁོར་(Computer)་བརྒྱུད་རྗས་(Semi-conductor)་བཟོ་ཚོང་ལས་ཁང་ཞིག་རྒྱ་ནག་གཞུང་ནས་ཉོ་རྒྱུའི་གན་རྒྱ་བཞག་ཡོད་ཀྱང་ཨ་རིའི་སྲིད་འཛིན་(Donald Trump)་མཆོག་གིས་ཚོང་དོན་གྱི་གན་རྒྱ་འདི་རྒྱལ་ཁབ་ཀྱི་བདེ་སྲུང་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་ཐོག་ནས་ཚོང་འབྲེལ་བཀག་བསྡོམ་གནང་འདུག
དེ་ཡང་ཕེརན་སི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་(Oregon)་མངའ་སྡེའི་ནང་རྟེན་གཞི་བྱས་པའི་(Lattice Semiconductor)་འམ་གློག་ལས་བརྒྱུད་རྫས་ཀྱི་བཟོ་ཚོང་ལས་ཁང་ཞིག་རྒྱ་ནག་གཞུང་གིས་བདག་ཉར་བྱས་པའི་(Canyon Bridge Fund)་ཞེས་མ་འཛུགས་ཐེབས་རྩ་ཁང་ནས་ཉོ་རྒྱུའི་གན་རྒྱ་གཏན་འབེབས་བྱུང་འདུག ཡིན་ནའང་རེས་གཟའ་ལྷག་པའི་ཉིན། ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་སྤྱི་བསྒྲགས་ཞིག་སྤེལ་བ་བརྒྱུད་ནོར་སྲིད་ལས་ཁུངས་དང་། སྲིད་འཛིན་རྣམ་གཉིས་ནས་རྒྱ་ནག་གི་མ་འཛུགས་ཁེ་ལས་དེ་དང་། ཨ་རིའི་གློག་ལས་བཟོ་ཚོང་ལས་ཁང་དབར་གྱི་ཚོང་འབྲེལ་གྱི་གྲོས་མཐུན་དེ་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཉེན་ཚབས་བཟོ་ཉེན་ཆེ་བར་བརྟེན་ཚོང་འབྲེལ་གྱི་གན་རྒྱ་དེ་བཀག་བསྡོམ་བྱས་ཡོད་པ་གསུངས་འདུག
གོང་གསལ་ཨ་རིའི་བཟོ་ཚོང་ལས་ཁང་དེས་(semi-conductor)་འམ་ཀློག་ལས་འཕྲུལ་འཁོར་ནང་གི་ཀླད་པ་ལྟ་བུའི་འཕྲུལ་འཁོར་གྱི་ཆ་ཤས་གལ་ཆེ་ཞིག་བཟོ་བསྐྲུན་བྱེད་བཞིན་ཡོད་པ་རེད།
ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་བཟོ་ཚོང་ལས་ཁང་དེ་རྒྱ་ནག་གི་མ་འཛུགས་ཐེབས་རྩ་ཁང་ལ་ཚོང་འབྲེལ་བཀག་བསྡོམ་བྱ་དགོས་དོན་ནི། ཚོང་འབྲེལ་གྱི་གན་རྒྱ་དེར་རྒྱ་ནག་གཞུང་གི་བཀའ་ཁྲོལ་གྱིས་རྒྱབ་སྐྱོར་བྱས་པའི་རྒྱུ་མཚན་དང་། དེ་བཞིན་ཚོང་འབྲེལ་དེའི་བརྒྱུད་ཨ་རིས་གསར་གཏོད་བྱས་པའི་རིག་གནས་དངོས་རྫས་ཀྱི་གསང་གནས་རྒྱལ་ཁབ་ལ་ཤོར་ཉེན་ཆེ་བའི་རྒྱུ་མཚན་འགྲེལ་བརྗོད་གནང་འདུག
རེས་གཟའ་ཕུར་བུའི་ཉིན། རྒྱ་ནག་གི་ཚོང་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་(Gao Feng)་ཟེར་བས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཚོང་འབྲེལ་གྱི་གྲོས་མཐུན་རིགས་ལ་རྒྱལ་ཁབ་ཚང་མས་ཞིབ་འཇུག་བྱ་རྒྱུའི་ཐོབ་ཐང་ཡོད་རུང་། ཐོབ་ཐང་དེ་བེད་སྤྱོད་ལོག་པར་བཏང་སྟེ་དཔལ་འབྱོར་རང་སྲུང་རིང་ལུགས་བྱས་ཚེ་དེ་དག་ལ་རྒྱ་ནག་གཞུང་ནས་འགག་པ་ཤུགས་ཆེ་ཡོད་ལུགས་སྐྱོན་བརྗོད་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org