རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་འཚོག་བཞིན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་ཉིན་གསུམ་རིང་རྒྱལ་ས་ལྡི་ལིར་འཚོགས་གནང་སོང་།

སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཉིན་གཉིས་པ། ༢༠༢༤།༡༢།༡༤ ཉིན། RFA/ Tenzin Thardoe

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༣ ནས ༡༥ བར་བཅས་ཉིན་གྲངས་གསུམ་རིང་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རཱོ་ཡལ་གསོལ་མགྲོན་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་དང་རྒྱལ་སྤྱིའི་ནང་འབྲེལ་ལམ་གནང་ཕྱོགས་ཀྱི་ཚོགས་འདུ་དབུ་འཛུགས་གནང་བ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་གཙོས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་མཉམ་ཞུགས་གནང་ཡོད་པ་དང་། ཐབས་བྱུས་ཚོགས་འདུ་དེའི་ཐོག རྒྱ་གར་ནང་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་རྒྱ་གར་ཕྱི་སྲིད་ལས་དོན་ཁྲོད་བོད་ཀྱི་གནད་དོན་ཤུགས་ཆེ་རུ་གཏོང་ཐབས་ཐོག་གོ་བསྡུར་བྱ་རྒྱུ་དང། གཙོ་བོ་སྤྱི་འཐུས་རྣམ་པར་དུས་རྒྱུན་དུ་ཕྱིའི་རྒྱབ་ཁབ་ཏུ་འབྲེལ་བ་དང་ལས་དོན་གནང་ཕྱོགས་ཐད་གོ་རྟོགས་ཤུགས་ཆེར་ཡོང་རྒྱུར་དམིགས་པ་ཡིན་ཞེས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

འདི་ཚེས་ ༡༤ ཉིན་ཏེ་ཚོགས་འདུའི་གཉིས་པའི་ཐོག NDI རོགས་ཚོགས་ཀྱིས་རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་ཐད་ལོ་ངོ་༢༠ ལྷག་རིང་ཉམས་མྱོང་ཡོད་པ་བྱང་ཨར་ལན་ཌི་ནས་མཁས་དབང་སྐུ་ཞབས་ (Mark Verheul) ལགས་དང་། རྒྱལ་སྤྱིའི་ཆབ་སྲིད་དམག་དོན་གྱི་ཁྱབ་ཁོངས་སུ་ལོ་ངོ་ ༣༠ ལྷག་གི་ཉམས་མྱོང་ཡོད་པའི་མཁས་དབང་ལྕམ་སྐུ་ (Maryse larche Mele) ལགས་རྣམ་གཉིས་ནས་ཕྱི་འབྲེལ་ལས་དོན་གནང་ཕྱོགས་ཐད་གསུང་བཤད་གནང་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཉིན་གཉིས་པ། ༢༠༢༤།༡༢།༡༤ ཉིན།

རྩ་བའི་ཉིན་གྲངས་གསུམ་རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཉིན་དང་པོར། རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་ནང་བོད་ཀྱི་གནད་དོན་ཡོད་པ་གང་ཞིག་ལ་ཚད་མཐོར་གཏོང་རྒྱུའི་ཐབས་ལམ་ཐོག་རྒྱ་གར་གཞུང་ཚབ་ཟུར་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་གར་གཏན་འཇགས་སྐུ་ཚབ་ཚོགས་མི་ཟུར་པ་སྐུ་ཞབས་དྷི་ལིབ་སིན་ཧཱ་ (Amb. Dilip Sinha) ལགས་ཀྱིས་གསུང་བཤད་དང་། རྒྱ་གར་རིག་གཞུང་ལྷན་ཚོགས་ (ICCR) ཡི་ཚོགས་གཞོན་ཟུར་པ་ལྕམ་སྐུ་སུ་ནཱེ་ན་སིངྒ་ (Sunaina Singh) མཆོག་གིས་ཤེས་ཡོན་བསྟི་གནས་ཁང་དང་། བློ་འདོན་ལྟེ་གནས་ཁང་བཅས་ཀྱི་ནང་བོད་ཀྱི་གནད་དོན་གོང་སྤེལ་གཏོང་ཐབས། ཞེས་པའི་ཐོག་གསུང་བཤད་གནང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཐར་འདོད།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org