བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ནས་ཨའོསི་ཊརེ་ལི་ཡར་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་དོན་བསྐྱངས་ཡོད་པ།

བོད་མི་མང་སྤྱི་འཐུས་ཚོགས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ནས་ཨའོསི་ཊརེ་ལི་ཡར་ཆེད་ཕེབས་ཀྱིས་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་ལ་བོད་དོན་ཞུ་སྐུལ་གནང་བཞིན་པ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་བོད་དོན་ཞུ་གཏུག་སྐབས། ༢༠༢༤།༠༨།༡༦ ཉིན། CTA

བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་དང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས། སྤྱི་ཟླ་ ༨ པའི་ཚེས་ ༡༦ ནས་བཟུང་ཨའོསི་ཊརེ་ལི་ཡའི་མངའ་སྡེ་ཝིག་ཊོ་རི་ཡའི་ནང་བོད་དོན་ཞུ་སྐུལ་གནང་བ་དང་འབྲེལ། ལྦིག་ཊོ་རི་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་དེ་གའི་ཚོགས་གཙོ་ལྕམ་སྐུ་ཨེཌ་ལྦར་ཌ་ (Maree Edwards) མཆོག་དབུ་བཞུགས་ཐོག བོད་ཀྱི་གནད་དོན་གལ་གནད་ཇི་ཆགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད་འདུག

ཨའོསི་ཊརེ་ལི་ཡའི་མངའ་ཁུལ་གྱི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས། ད་ལྟའི་ཆར་ཝིག་ཊོ་རི་ཡའི་མངའ་སྡེའི་གྲོས་ཚོགས་འཐུས་མིའི་ནང་བོད་ཀྱི་གྲོགས་པོའི་ཚོགས་པ་ཡོད་པ་དེར། བོད་དོན་ཞུ་སྐུལ་དང་ཁོ་རང་ཚོའི་ངོས་ནས་བོད་དོན་ཐོག་ག་རེ་གནང་དགོས་པའི་ཐད་འགྲེལ་བཤད་བསྐྱོན་ཡོད་པ་དང་། ཕྱོགས་མཚུངས་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ཇཱ་ནཱེ་ཐྲི་རཡེ་སི་ (Janet Rice) ལགས་དང་། རྒྱ་རིགས་འབྲེལ་མཐུད་པ་ཚོར་ཐུག་འཕྲད་སོགས་བོད་དོན་དང་རྒྱ་ནག་མང་གཙོའི་ཐོག་ལས་དོན་གནང་མཁན་རྣམས་ལ་བོད་དོན་ཞུ་སྐུལ་གནང་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྤྱི་ཟླ་ ༨ པའི་ཚེས་ ༡༦ ཉིན་ཕྱོགས་ཕེབས་སྤྱི་འཐུས་རྣམ་པར་ཆེ་བསྟོད་ཀྱི་ཚུལ་དུ། གྲོང་ཁྱེར་མེལ་བྷོན་ནང་གི་བོད་རྒྱ་མཛའ་འབྲེལ་ཚོགས་པས་གསོལ་སྟོན་ཞིག་ཀྱང་གནང་ཡོད་པ་དང་། གསོལ་སྟོན་ཐོག་བོད་མི་དང་རྒྱ་མི་རིགས་གཉིས་ཀ་དོན་དངོས་སུ་་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྡུག་སྦྱོང་མནར་གཅོད་མྱོང་མཁན་གཅིག་གྱུར་ཡིན་པར་བརྟེན། ཕན་ཚུན་མཐུན་ལམ་དང་དུས་ནས་དུས་སུ་མཉམ་རུབ་གནང་དགོས་པའི་བཀའ་མོལ་བྱུང་ཡོད་ཅིང་། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་ད་ལྟའི་ཆར་ཁོང་རྣམ་པ་གྲོང་ཁྱེར་ཁེན་སྦེ་ར་ཡི་ནང་ཡོད་པ་དང་། ཉིན་མ་གཅིག་གི་རྗེས་ནིའུ་ཛི་ལཎ་ཌི་རྒྱལ་ཁབ་ཏུ་ཕྱོགས་ཕེབས་ཀྱིས་བོད་དོན་ཞུ་སྐུལ་གནང་འཆར་ཡོད་པ་ངོ་སྤྲོད་གནང་གི་འདུག

བོད་མི་མང་སྤྱི་འཐུས་རྣམ་པ་བཞི་དེ་སྤྱི་ཚེས་ ༡༧ ཉིན་ཨའོསི་ཊརེ་ལི་ཡའི་ནང་གི་བྷིན་ཊི་སྒོ་ས་གནས་སུ་བཞེངས་པའི་ཀུན་ཁྱབ་བྱམས་བརྩེའི་མཆོད་རྟེན་ཆེན་མོ་སྟེ། བོད་ཀྱི་རྒྱལ་རྩེའི་དཔལ་འཁོར་མཆོད་རྟེན་དང་ཆ་འདྲ་བའི་ནང་པའི་མཆོད་རྟེན་དེར་མཆོད་མཇལ་གནང་གྲུབ་རྗེས། དགོང་དྲོ་ཝིག་ཊོ་རི་ཡ་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་གསོལ་སྟོན་གོ་སྒྲིག་ཞུས་པའི་ཐོག ཨའོསི་ཊརེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ལྕམ་ཇཱ་ནཱེ་ཐྲི་རཡེ་སི་ལགས་དང་ཡང་བོད་དོན་སྐོར་བཀའ་བསྡུར་ལྷུག་པོ་གནང་ཐུབ་ཡོད་པ་རེད་འདུག

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁཉ། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org