གྲོས་ཚོགས་ནང་སྔོན་རྩིས་གཏན་འབེབས་བྱེད་རྒྱུའི་ལས་རིམ་སྔ་བསྣུར་གནང་སོང་།
རྒྱ་གར་ཧི་མ་ཅལ་ཁྱིམ་མཚེས་མངའ་སྡེ་པན་ཇབ་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པར་བརྟེན་གྲོས་ཚོགས་ནང་སྔོན་རྩིས་གཏན་འབེབས་ལས་རིམ་གྱི་སྔོན་ལ་བསྣུར་སོང་།
- 2021-03-22
-
-
-
རྒྱ་གར་ཧི་མ་ཅལ་ཁྱིམ་མཚེས་མངའ་སྡེ་པན་ཇབ་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་སྡུག་ཏུ་འགྲོ་བཞིན་པར་བརྟེན་གྲོས་ཚོགས་ནང་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་སྔ་བསྣུར་གནང་སོང་།
སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པ་འདི་ཚེས་༢༢ཉིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ཧི་མ་ཅལ་ཁྱིམ་མཚེས་མངའ་སྡེ་པན་ཇབ་ནང་(Covid-19)ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་འདུག་པས། གྲོས་ཚོགས་ཀྱི་གནས་སྟངས་གང་འདྲ་ཆགས་མིན་ཞུ་ཚོད་དཀའ་བར་བརྟེན་ད་རེས་གྲོས་ཚོགས་ནང་སྔོན་ལ་རྩིས་ལོ་༢༠༢༡།༢༢ལོའི་སྔོན་རྩིས་གཏན་འབེབས་ཞུ་རྒྱུ་དང་། རྗེས་སུ་ལས་རིམ་གཞན་ཁག་གནང་རྒྱུ་བཅས་གྲོས་ཚོགས་ཀྱི་ལས་རིམ་ལ་ཅུང་བསྐྱར་བཅོས་ཐག་གཅོད་བྱུང་བ་གསུངས་ཡོད་པ་རེད།
དེ་ནས་གྲོས་ཚོགས་ནང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་དྲི་བར་དྲིས་ལན་གནང་ནས། བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་ལས་དོན་སྤེལ་ཕྱོགས་དང་། གཉན་རིམས་སྔོན་འགོག་གི་གོ་རྟོགས་ལས་གཞི་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་འདྲི་རྩད་དང་ དོགས་འདྲི་ཞུས་པ་ཡོད་པ་རེད།
གཞན་སྐབས་དེར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས། ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཁོངས་སུ་ལྷུང་མེད་པ་དེ་ཡང་། གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་མཐུ་དང་། དེ་དང་མཉམ་དུ་ལྷ་མི་ཟུང་འབྲེལ་ཐོག་དཀའ་ལས་སྐྱོན་པའི་འབྲས་བུ་ཡིན་ཡང་། ད་དུང་ཡང་མུ་མཐུད་ནས་དཀའ་ལས་སྐྱོན་དགོས་སྐོར་གསུང་གནང་སོང་།
ཡང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ནས། ད་ལན་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་བཞིན་པས་ཛ་དྲག་གི་གནས་སྟང་སྐབས། བོད་པའི་སྤྱི་ཚོགས་ནང་གི་སྨན་པ་དང་སྨན་ཞབས་པ་ཚོས་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བ་ལ་འཛམ་གླིང་སྤྱི་ལྟར་རང་གཞུང་ནས་ཀྱང་ཁོང་རྣམ་པར་ཆེ་མཐོང་དང་མཐུན་རྐྱེན་སྦྱོར་སྤྲོད་བཟོ་གལ་ཆེ་བ་དང་། དེ་བཞིན་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ནང་ཡོད་པའི་སྨན་ཁང་ཁག་དུའང་དེ་ལྟ་བུའི་ཕྱག་ལས་གནང་དང་གནང་བཞིན་པ་ལ་ཡང་གང་སྤྱིའི་ཐོག་ནས་མཐུན་རྐྱེན་སྦྱོར་སྤྲོད་གནང་རྒྱུ་གལ་ཆེ་ཡིན་པའི་དགོངས་ཚུལ་བཏོན་གནང་སོང་།
བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས། ༢༠༡༩ལོར་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་ཁྱབ་གསལ་ཛ་དྲག་གི་དུས་སྐབས་འདིར། ས་གནས་འགོ་འཛིན་དབུས་པའི་ཚོགས་པ་ཁག་དང་། འཕྲོད་བསྟེན་སྨན་པ་དང་སྨན་ཞབས་པ་ཚོས་ཕྱར་གྲུ་མཉམ་འདེགས་ཐོག་ལས་དོན་གང་ལེགས་གནང་ཡོད་པ་མ་ཟད། རྒྱ་གར་མངའ་སྡེ་གཞུང་དང་འཕྲོད་བསྟེན་སྨན་ཁང་བཅས་ནས་ཀྱང་མཐུན་འགྱུར་གང་ཐུབ་གནང་བ་ལ་བཀྲིན་ཆེ་ཞུས་པ་དང་། ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་དབུས་ནས་ལམ་སྟོན་དང་སྒྲིག་གཞི་ཁག་ས་གནས་ཚང་མར་གཅིག་མཚུངས་ལག་བསྟར་དགོས་པའི་བསམ་ཚུལ་བཏོན་ཡོད།
སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་ཀྱིས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོས་ཤེས་ཡོན་སྤྱི་ཚོགས་ཞབས་ཞུ་དང་། བོད་ཀྱི་རྩ་དོན་ཐོག་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ལ་བསྔགས་བརྗོད་ཞུས་པ་དང་། དེ་བཞིན་སྤྱི་འཐུས་རྣམ་པས་གྲོས་ཚོགས་ཀྱི་ཕྱི་ནང་གང་ནས་ཀྱང་བཟང་སྤྱོད་དང་འགན་ཁུར་ཞེས་པའི་ཐོག་བཀའ་མོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། ང་རང་ཚོ་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་ཐོག་རྩ་དོན་སྒྲུབ་རྒྱུ་གལ་ཆེ་ཡིན་པ་གསུངས་གནང་སོང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་འཐུས་རྣམ་པས་དོགས་འདྲི་ཞུས་པར། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།