གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གྲོས་ཆོད་དོན་ཚན་དྲུག་གི་ཐོག་བགྲོ་གླེང་།

བོད་ནང་གི་བོད་མི་ཚོའི་དཀའ་ངལ་དང་མངོན་འདོད་མཁྱེན་པའི་སྒོ་ནས་ལས་འགུལ་སྤེལ་དགོས་གལ་ཆེ་བ་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་གྲོས་ཚོགས་ནང་དགོངས་འཆར་བཏོན་གནང་སོང་།

སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ཐོག ༣།༡༦།༢༡ དྲ་བཤུས།/TTV

བོད་ནང་གི་བོད་མི་ཚོའི་དཀའ་ངལ་དང་མངོན་འདོད་མཁྱེན་པའི་སྒོ་ནས་ལས་འགུལ་སྤེལ་དགོས་གལ་ཆེ་བ་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་གྲོས་ཚོགས་ནང་དགོངས་འཆར་བཏོན་གནང་སོང་།
སྤྱི་ཟླ་༣པའི་ཚེས་༡༦ཉིན་བཞུགས་སྒར་རྡ་རམ་ས་ལར་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ཉིན་༢པར། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་དྲུག་གི་ཐོག་བགྲོ་གླེང་གནང་བའི་སྐབས། བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས། ཐེངས་འདིའི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འདི་འཇོག་མཁན་ང་རང་ཚོར་བོད་ནང་གི་མི་མང་ཚོས་ཚུར་ལ་ཡིད་ཆེས་དང་རེ་བ་ཇི་འདྲ་ཞིག་ཡོད་མེད་དེར་བསམ་བློ་གཏོང་དགོས་གལ་ཆེ་བ་མཐོང་གི་འདུག་ལ། སོ་སོ་རང་ཉིད་ལ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབ་ཡོད། བོད་ནང་གི་བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེ་ཁོ་ན་མ་གཏོགས་ད་སྐབས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདིར་རེ་བ་དང་ཡིད་ཆེས་རིམ་པས་ཆུང་དུ་འགྲོ་ཡི་ཡོད་པ་མཐོང་གི་འདུག་ལ། འདི་འདྲ་གོ་ཡ་ཡང་འདུག་ཅེས་དང་། ང་ཚོ་བཙན་བྱོལ་ནང་གི་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་ངང་གནས་ཐུབ་པ་ཡིན་ན། དེ་ལས་ལྷག་པའི་གདུང་སེམས་མཉམ་བསྐྱེད་ཤིག་མེད་ཅེས་གསུངས་གནང་སོང་།
ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་ངག་དབང་ཐར་པ་ལགས་ཀྱིས། ད་ལྟའི་ཆར་བོད་ནང་ལྟ་བུར་མཚོན་ན། ཁོར་ཡུག་དང་། སྐད་ཡིག་སྲུང་སྐྱོབ། ཆོས་དད་རང་དབང་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པ་དང་། ལྷག་པར་དུ་དེང་སྐབས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ནི་ཧ་ཅང་གི་སྡུག་པོ་ཆགས་ཡོད་པ་མ་ཟད། དམ་དྲག་གི་རྐྱེན་པས་བོད་ནང་ཆབ་སྲིད་བཙོན་པ་ཇི་ཙམ་ཡོད་མེད་གནས་ཚུལ་ཁ་གསལ་མེད་པ་འགྲེལ་བརྗོད་གནང་སོང་།
དེ་བཞིན་བོད་ནང་གི་བོད་མི་ཚོའི་དཀའ་ངལ་དང་མངོན་འདོད་མཁྱེན་པའི་སྒོ་ནས་ལས་འགུལ་སྤེལ་དགོས་གལ་ཆེ་བ་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས་གྲོས་ཚོགས་ནང་དགོངས་འཆར་བཏོན་གནང་ཡོད།
ད་དུང་བོད་མི་མང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས། བོད་ནང་དུ་བོད་མི་ཚོས་ང་ཚོ་བོད་ཕྱི་ལ་ཡོད་པའི་བོད་མི་ཚོར་རེ་བ་རྒྱབ་པ་ནང་བཞིན་སྒྲུབ་དགོས་པ་ལས། འདི་ཕྱོགས་སུ་ང་ཚོས་སོ་སོ་སྐྱིད་པོ་བྱུང་ན་འགྲིག་པ་ལྟ་བུ་བསྡད་པ་ཡིན་ན། ཏག་ཏག་ཤིག་ཆགས་ཀྱི་མ་རེད་ཅེས་དང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ད་སྐབས་རྒྱ་ནག་གི་སྲིད་བྱུས་འོག་བོད་ཀྱི་དགོན་སྡེ་ཁག་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པའི་ཁར་མི་རིགས་དབྱེ་འབྱེད་བྱས་དང་བྱེད་མུས་ཡིན་པ་གསུངས་གནང་སོང་།
གཞན་ཡང་ཐེངས་འདིའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་གྲོས་ཆོད་ཀྱི་དོན་ཚན་གཉིས་པ་སྟེ། སྤྱི་ལོ་༢༠༠༩ཟླ་༢པའི་ཚེས་༢༧ཉིན་རྔ་བ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་ནས། ད་བར་ཤེས་རྟོགས་བྱུང་བ་ཁྱོན་བོད་མི་༡༥༥ཡིས་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་ཡོད། ཁོང་རྣམ་པའི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་ལ་རྒྱ་ནག་གཞུང་ནས་འགན་འཁུར་བདག་སྤྲོད་ངེས་པར་དུ་གནང་དགོས་རྒྱུ་ཞེས་འཁོད་འདུག དེའི་ཐད་བོད་མི་མང་སྤྱི་འཐུས་ཁག་ཅིག་གིས། རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་གི་རྐྱེན་པས་གནས་ཚུལ་ཧ་མ་གོ་བ་མ་གཏོགས། བོད་ནང་རང་ལུས་མེར་བསྲེགས་གནང་མཁན་༡༥༥ལས་མང་བ་བྱུང་ཡོད་སྲིད་པ་འགྲེལ་བརྗོད་གནང་སོང་ལ། བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་བཞིན་མི་ལོ་ལྔའི་རྗེས་སུ་བཙན་བྱོལ་དུ་མཁྱེན་རྟོགས་བྱུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org