རྒྱ་ནག་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུའི་སྐོར།

རྒྱ་གཞུང་གི་དོ་དམ་འོག་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུའི་ཐོག་ཐག་གཅོད་བྱེད་རྒྱུར་ནར་འགྱངས་གཏོང་བཞིན་ཡོད་པ།

༄༅༎རྒྱ་ནག་གཞུང་གི་དོ་དམ་འོག་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུའི་ཐོག་ད་ལྟའང་ཐག་གཅོད་བྱེད་རྒྱུར་ནར་འགྱངས་གཏོང་བཞིན་ཡོད་པའི་གནས་ཚུལ་འདུག

རྒྱ་རིགས་རྩོམ་པ་པོ་དང་གཙུག་ལག་སློབ་གྲ་ཆེན་མའི་སློབ་དགེ་ཟུར་པ་སྐུ་ཞབས་ལིའུ་ཤའོ་ཕུའུ་སྔ་ལོ་རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་དགོས་པ་དང་སྲིད་དབང་གཅིག་གི་ལམ་ལུགས་འགྱུར་བ་གཏོང་དགོས་པ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་ལུགས་སོགས་འཁོད་པའི་ཞུ་སྙན་ཞིག་གཞུང་ལ་ཕུལ་བའི་རྗེས་སྔ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་འཛིན་བཟུང་བྱས་ཡོད་པ་རེད། འོན་ཀྱང་ད་བར་ཁོང་གི་ཐོག་ཁྲིམས་བཤེར་དང་ཐག་ཆོད་གང་ཡང་བྱས་མེད་པ་ནི་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་སྤྲད་པར་བརྟེན་ནར་འགྱངས་བཏང་བ་ཞིག་ཡིན་པའི་ཚོད་རྩིས་བྱེད་ཀྱི་ཡོད་རེད་ལ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་མུ་མཐུད་ནས་རྒྱལ་སྤྱིའི་ངོས་ནས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་གི་ཡོད་འདུག

ཁོང་གི་ཁྲིམས་རྩོད་པས་ཕྱི་ཟླ་བཅུ་གཅིག་པའི་ནང་ཉེན་རྟོག་པ་ཚོས་ཁོང་གི་ཐོག་ཁྲིམས་ཐག་གཅོད་རྒྱུར་ཟླ་བ་གཉིས་ཙམ་འགྱངས་རྒྱུ་ཡིན་ཞེས་བརྡ་ལན་སྤྲད་བྱུང་ལ་གནས་ཚུལ་དེར་གཞིགས་སྐབས་རྒྱ་ནག་གཞུང་ནས་གནས་སྟངས་འདི་རིགས་ཐོག་ཐག་ཆོད་ག་འདྲ་ཞིག་བྱེད་དགོས་མིན་ཐེ་ཚོམ་སྐྱེས་ནས་བསྡད་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་བྱས་པ་དང་ཆབས་ཅིག་ཁོང་གི་ཐོག་ཡང་ན་ཁྲིམས་ཐག་གཅོད་དགོས་པ་དང་། ཡང་ན་གློད་བཀྲོལ་གཏོང་དགོས་ཀྱི་རེད་ཅེས་གསུངས་འདུག

རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོའི་ངོས་ནས་སྐུ་ཞབས་ལིའུས་གཞུང་མགོ་རྟིང་སློག་རྒྱུའི་ཉེན་བྱུས་བཤམས་ཡོད་པའི་ཉེས་བཙུགས་འོག་འཛིན་བཟུང་བྱས་ཡོད་འདུག། གོང་ཞུས་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ནི་དེ་སྔ་ཕྱི་ལོ་ ༡༩༨༩ སློབ་ཕྲུག་ལས་འགུལ་སྐབས་ཀྱང་འཛིན་བཟུང་གིས་བཙོན་བཅུག་ཉེས་ཆད་ཕོག་མཁན་ཞིག་ཀྱང་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org