༸གོང་ས་མཆོག་གིས་གཏོང་ལེན་དགེ་རྩ་ཚོགས་པའི་དགེ་སློབ་ཁག་ཅིག་ལ་མཇལ་ཁ་སྩལ་བ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཏོང་ལེན་དགེ་རྩ་ཚོགས་པའི་དགེ་སློབ་ཁག་ཅིག་ལ་མཇལ་ཁ་སྩལ་གནང་མཛད་པ། ཟླ་ ༡༡ ཚེས་ ༢༠ ཉིན་གྱི་སྔ་དྲོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཏོང་ལེན་དགེ་རྩ་ཚོགས་པའི་འགན་འཛིན་བློ་བཟང་འཇམ་དབྱངས་ལགས་གཙོས་པའི་གཏོང་ལེན་ཨིན་ཡུལ་དང་ཧྥ་རན་སིའི་ཚོགས་མི་ཁག་ཅིག དེ་བཞིན་སློབ་ཟུར་ཁག་ཅིག་ལ་མཇལ་ཁ་སྩལ་གནང་སོང་བ་དང་། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་དོན་གཙོ་བོ་ནི། འདས་པའི་ལོ་ངོ་ཉི་ཤུའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་གཏོང་ལེན་དགེ་རྩ་ཚོགས་པའི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་དབུལ་ཕོངས་ཕྲུ་གུ་མང་དག་ཅིག་ལ་ཤེས་ཡོན་དང་འཕྲོད་བསྟེན་སོགས་གང་ཅིའི་ཐད་མཐུན་འགྱུར་རོགས་རམ་གནང་བར་བརྟེན་ནས། སློབ་མ་མང་དག་ཅིག་གི་མི་ཚེ་དོན་སྙིང་ལྡན་པར་གྱུར་ཡོད་པས། ང་ཚོ་གཏོང་ལེན་དགེ་རྩ་ཚོགས་པའི་དགེ་སློབ་ཡོངས་ནས་༸མགོན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུས་སླད་དུ་བཅར་བ་ཡིན་ཞེས། གཏོང་ལེན་གེ་རྩ་ཚོགས་པའི་འགན་འཛིན་རྒན་བློ་བཟང་འཇམ་དབྱངས་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
- 2024-11-20
-
-
-
Your browser doesn’t support HTML5 audio
ཟླ་ ༡༡ ཚེས་ ༢༠ ཉིན་གྱི་སྔ་དྲོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཏོང་ལེན་དགེ་རྩ་ཚོགས་པའི་འགན་འཛིན་བློ་བཟང་འཇམ་དབྱངས་ལགས་གཙོས་པའི་གཏོང་ལེན་ཨིན་ཡུལ་དང་ཧྥ་རན་སིའི་ཚོགས་མི་ཁག་ཅིག དེ་བཞིན་སློབ་ཟུར་ཁག་ཅིག་ལ་མཇལ་ཁ་སྩལ་གནང་སོང་བ་དང་། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་དོན་གཙོ་བོ་ནི། འདས་པའི་ལོ་ངོ་ཉི་ཤུའི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་གཏོང་ལེན་དགེ་རྩ་ཚོགས་པའི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་དབུལ་ཕོངས་ཕྲུ་གུ་མང་དག་ཅིག་ལ་ཤེས་ཡོན་དང་འཕྲོད་བསྟེན་སོགས་གང་ཅིའི་ཐད་མཐུན་འགྱུར་རོགས་རམ་གནང་བར་བརྟེན་ནས། སློབ་མ་མང་དག་ཅིག་གི་མི་ཚེ་དོན་སྙིང་ལྡན་པར་གྱུར་ཡོད་པས། ང་ཚོ་གཏོང་ལེན་དགེ་རྩ་ཚོགས་པའི་དགེ་སློབ་ཡོངས་ནས་༸མགོན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུས་སླད་དུ་བཅར་བ་ཡིན་ཞེས། གཏོང་ལེན་གེ་རྩ་ཚོགས་པའི་འགན་འཛིན་རྒན་བློ་བཟང་འཇམ་དབྱངས་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་ཐེངས་འདིའི་མཇལ་བཅར་བའི་ཁོངས། ༢༠༡༨ ལོར་རྒྱ་ནག་ནས་སྨན་པའི་གཙུག་ལག་རབ་འབྱམས་པ་སློབ་མཐར་སོན་པ་པིང་ཀི་ཧར་ཡན་ལགས་ནས། ཐེངས་འདིར་ཁོང་ནས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་དང་བཀའ་དྲིན་རྗེས་དྲན་ཆེད་བཅར་བ་ཡིན་ཞིང་། དེ་སྔ་ཁོ་མོ་རྒྱ་ནག་ཏུ་སྨན་པའི་སློབ་སྦྱོང་ཆེད་བསྐྱོད་སྐབས་༸གོང་ས་མཆོག་གི་བྱམས་བརྩེའི་ལྟ་གྲུབ་དང་ཐུགས་ཀྱི་དགོངས་གཞི་ཡིས་ཁོ་མོར་སེམས་ཤུགས་འཕར་མ་བསྐྲུན་ཡོད་ཅིང་། ད་ལན་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེས་ཁོ་མོར་བརྗོད་དཀའ་བའི་ཚོར་བ་ཞིག་བསྐྲུན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། གཏོང་ལེན་དགེ་རྩ་ཚོགས་པའི་སྐབས་དང་པོའི་སློབ་མ་ནཱ་རེཤ་ལགས་ནས། ༸གོང་ས་མཆོག་མཇལ་ཐེངས་རེར་ཁོང་ལ་མ་འོངས་མི་ཚེའི་ནང་མདུན་བསྐྱོད་ཐད་སེམས་ཤུགས་འཕར་མ་བསྐྲུན་གྱི་ཡོད་ཚུལ་དང་། ཐེངས་འདིར་༸མགོན་པོ་མཆོག་གིས་༸སྐུ་ཉིད་ནས་དུས་རྟག་ཏུ་གཏོང་ལེན་ལ་ཐུགས་འཁུར་དང་ཐུགས་སྨོན་གནང་གི་ཡོད་སྐོར་བཀའ་ཕེབས་ཡོད་པ་གསུངས་སོང་བ་དང་། ༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཁོང་རྣམས་རྒན་འཇམ་དབྱངས་ལགས་དང་འཕྲད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག
ཡང་ཨིན་ཡུལ་གྱི་གཏོང་ལེན་དགེ་རྩ་ཚོགས་པ་ནས་ཡིན་པའི་སྦརི་ཇེདྲ་ལགས་ནས། ཐེངས་འདིར་༸མགོན་པོ་མཆོག་གིས་གསུངས་དོན་གཙོ་བོ་ནི། སློབ་མ་རྣམས་ལ་དེང་དུས་ཀྱི་ཤེས་ཡོན་ཙམ་དུ་མ་ཡིན་པར་སཱི་ཤེས་ཡོན་བརྒྱུད་བྱམས་སྙིང་རྗེ་དང་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་ཀྱི་སློབ་སྟོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་བཀའ་སྩལ་མཛད་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
རྩ་བའི་གཏོང་ལེན་དགེ་རྩ་ཚོགས་དེ་བཞིན་ ༢༠༠༤ ལོར་དབུ་བརྙེས་ནས་ད་བར་མི་ལོ་ ༢༠ འཁོར་ཡོད་པ་དང་བསྟུན། འདི་ཚེས་ ༡༩ ཉིན་གཏོང་ལེན་དགེ་རྩ་ཚོགས་པ་དབུ་བརྙེས་པའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་ཤིལྦ་པར་ཐབ་ཤུཀ་ལ་མཆོག་ཆེད་ཕེབས་གནང་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།