Tom Suozzi ཨ་རིའི་གྲོས་ཚོགས་འོག་མའི་འཐུར་མིར་སླར་ཡང་འདེམས་ཐོན་བྱུང་བར་མཚམས་འདྲི།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཨ་རིའི་གྲོས་ཚོགས་འཐུས་མི་Tom Suozzi ལགས་ཀྱི་ལས་ཁུངས་སུ་ཆེད་བཅར་གྱིས་བོད་དོན་གླེང་སློང་གནང་འདུག

Tom Suozzi ཨ་རིའི་གྲོས་ཚོགས་འོག་མའི་འཐུར་མིར་སླར་ཡང་འདེམས་ཐོན་བྱུང་བར་མཚམས་འདྲི། ཨ་རིའི་གྲོས་ཚོགས་འཐུས་མི་(Tom Suozzi)ལགས་ཀྱི་ངོ་དེབ་སྤྱི་ཚོགས་དྲྭ་རྒྱ།

འདི་ཟླའི་ཚེས་༡༥རེས་གཟའ་པ་སངས་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་(Tom Suozzi)ལགས་ཀྱི་ངོ་དེབ་སྤྱི་ཚོགས་དྲྭ་རྒྱའི་ཐོག་ལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་མཇལ་འཕྲད་སྐབས་སུ་སྐུ་པར་དང་མཉམ། ད་རེས་འཇལ་འཕྲད་བྱུང་བ་དེ་ཧ་ཅང་གི་ཆེ་བསྟོད་ཆེན་པོ་ཡིན་པ་དང་། བོད་ཀྱི་ནང་ཆོས་དང་རིག་གཞུང་ནི་ཤེས་རབ་དང་སྙིང་རྗེའི་རིན་ཐང་གི་རྩ་བ་ཡིན་ཞིང་། འདས་པའི་མི་ལོ་༦༠ལྷག་རིང་རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་ནས་རིག་གཞུང་དང་ཆོས་ལུགས་ཀྱི་ཐོག་ལ་དྲག་གནོན་དང་། ས་ཁམས་ཆབ་སྲིད་ཀྱི་བཙན་གནོན། དྲག་སྤྱོད། སྤྱི་ཚོགས་དང་དཔལ་འབྱོར་གྱི་དབྱེ་འབྱེད། གནས་ཚུལ་གྱི་འགྲོ་འོང་ལ་དམ་དྲག་བྱས་དང་བྱེད་བཞིན་ཡོད་པ་རེད། ང་ཚོ་མཉམ་རུབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པ་དང་། བོད་པའི་ནང་པ་ཚོ་ཡིན་ནའི་འདྲ། ཡུ་གུར་ཁ་ཆེ། ལྷོ་སོག་པོ། ཐེ་ལྦན། ཡང་ན་ཧོང་ཀོང་ནང་གི་སློབ་ཕྲུག་ཡིན་ནའང་འདྲ། ངས་འཛམ་གླིང་ཡོངས་ཀྱི་ས་ཆ་གང་དུ་ཡིན་རུང་། དྲག་གནོན་དང་ཆོས་དད་རང་དབང་ལ་དམ་དྲག་གི་གནས་ཚུལ་བྱུང་ཚེ་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད་འདུག

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གིས་ད་རེས་མཇལ་འཕྲད་སྐབས་གཙོ་བོ་(Tom Suozzi)ལགས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་སླར་ཡང་འདེམས་ཐོན་བྱུང་བར་འཚམས་འདྲི་དང་མཉམ། མ་འོངས་པར་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཕྱི་ལོ་༢༠༢༢ལོར་རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་སུ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། བོད་དོན་ལས་འགུལ་བ་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་ཀྱི་ལས་འགུལ་སྤེལ་བའི་སྐབས་སུ། (Tom Suozzi)ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་གི་བོད་མི་དང་ཡུ་གུར་བ་སོགས་དང་ལྷན་ས་གནས་ཀྱི་རྒྱ་ནག་གཞུང་ཚབ་མདུན་ནས་གྲོང་ཁྱེར་གྱི་Times Square བར་གོམ་བགྲོད་གནང་ནས་རྒྱ་ནག་ཏུ་ཨོ་ལིམ་པིཀསི་འཚོགས་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་ནང་མཉམ་ཞུགས་གནང་ཡོད་པ་རེད།།

གསར་འགོད་པ། སྒྲོལ་མ་ལྷ་མོ།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org