ས་ག་ཟླ་བའི་ཚེས་ ༡༥ ཉིན་སྟོན་པའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་ལ་དྭགས་གཤམ་ཕྱོགས་གཏིང་མོ་སྒང་དགོན་པར་ལོ་རྒྱུས་ཅན་གྱི་ལོ་འཁོར་དུས་མཆོད་སྲུང་བརྩི་ཞུས་པ།
ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གཉིས་ལ་དྭགས་དང་བོད་ཀྱི་ས་མཚམས་དབྱེ་འབྱེད་དང་ཡང་དོན་རྩ་ཁ་ཤས་ཀྱི་ཐོག་བཞག་པའི་ཆིངས་ཡིག་ལ་གཏིང་མོ་སྒང་གི་ཆིངས་ཡིག་ཅེས་ཞུས་སྲོལ་ཡོད་པ་ཞིག་རེད་འདུག
- 2022-06-15
-
-
-
Your browser doesn’t support HTML5 audio
མང་ཡུལ་ལ་དྭགས་ས་གནས་སུ་དགོན་པ་མང་དག་ཅིག་ཡོད་པ་རྣམས། སོ་སོའི་རྒྱུ་རྐྱེན་ཟླ་ཚེས་འདྲ་མིན་ལ་བརྟེན་ནས་སོ་སོའི་ལོ་འཁོར་གྱི་དུས་མཆོད་སྲུང་བརྩི་ཞུ་སྲོལ་འདུག་པས། གཏིང་མོ་སྒང་གི་ལོ་འཁོར་དུས་མཆོད་བོད་ཟླ་བཞི་པའི་ཚེ་ ༡༥ ཉིན་སྲུང་བརྩི་ཞུས་པ་ནི་གཏིང་མོ་སྒང་མཁར་བཤུལ་ལ་ཆགས་པའི་ཤེལ་མཁར་ཕོ་བྲང་དུ་ཡོངས་གྲགས་རྒྱ་གར་འཕགས་པའི་ཡུལ་ཞེས་བརྗོད་ཚུལ་གྱིས་གཏིང་སྒང་དགོན་དུ་བཞུགས་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་རང་བྱོན་དེ་ཉིད་ལོ་རྒྱུས་ཐོག་ས་ཟླའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་དེར་བྱོན་པར་གསུང་སྲོལ་མཆིས།
དེ་ཡང་ལོ་རྒྱུས་ཐོག་གཏིང་སྒང་མཁར་ཡུལ་སོགས་ཐོག་མར་བྱུང་ཚུལ་ནི། ཕྱི་ལོ་ ༡༤༠༠ ནས་༡༤༥༠ ཙམ་ལ་ལ་དྭགས་སུ་རྒྱལ་པོ་གྲགས་པ་འབུམ་ལྡེ་དང་། གྲགས་པ་འབུམ་སྤུན་མཆེད་གཉིས་བྱུང་ཞིང་། གཅེན་གྲགས་པ་འབུམ་ལྡེ་ཐུགས་གཤིས་བཟང་ཞིང་ཆོས་ཕྱོགས་ཀྱི་བྱ་བ་ལ་དགའ་བ་ཞིག་དང་། གཅུང་གྲགས་པ་འབུམ་ནི་དེ་ལྟར་མ་ཡིན་པར་ཐུགས་གཤིས་གྱོང་ཞིང་། སྲིད་སྐྱོང་གི་བྱ་བ་ལ་ཐུགས་འདོད་ཆེན་པོ་ཡོད་པར་བརྟེན། དེ་དོན་ལ་དྭགས་ལྡུམ་རའི་ཕྱོགས་སུ་ཕེབས་ཏེ། དེ་ནས་ལ་རྒྱལ་བརྒྱུད་ལྟེ་བ་དང་གཏིང་སྒང་དུ་ཕེབས་ནས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་དམ་ལྟར། གཏིང་སྒང་སྒང་སྔོན་ཤེས་རབ་རལ་གྲི་ལྟ་བུའི་རྩེ་ལ་རྒྱལ་བ་བྱམས་པ་དང་། ཤེལ་དཀར་ཕོ་བྲང་བཞེངས་ཏེ་གྲོང་བཏབ་པའི་བརྗོད་ཚུལ་འདུག །འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་གཏིང་སྒང་ཡུལ་དུ་རང་བྱོན་དུ་ཕེབས་པའི་ལོ་རྒྱུས་དང་། དགོན་པའི་ལོ་འཁོར་གྱི་དུས་མཆོད་སྐོར་མཁན་པོ་རང་གྲོལ་ཉི་མ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་གཏིང་སྒང་དགོན་གྱི་འཕགས་པའི་སྐུ་མ་འབྱོན་སྔོན་ནས་རྒྱལ་བ་བྱམས་པའི་སྐུ་བརྙན་བཞུགས་ཡོད་པ་དང་། འདུ་ཁང་ནང་བོད་རྒྱ་ལག་ཏུ་ཤོར་རྗེས་པཎ་ཆེན་རིན་པོ་ཆེའི་ཤག་ནས་གསེར་ཟངས་ལས་གྲུབ་པའི་ཚེ་ལྷ་རྣམ་གསུམ་གྱི་སྐུ་བསྣམས་ཡོད་པ་དང་། ཡང་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཞབས་ལྷམ་ཡ་གཅིག་ཡོད་པའི་སྐོར་གཏིང་སྒང་ཡུལ་མི་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གསུངས་ལ། གཏིང་མོས་སྒང་དགོན་པ་ནི་ལ་དྭགས་སུ་ཆགས་པའི་དགོན་པ་གཞན་དང་མི་འདྲ་བའི་ཆོས་བརྒྱུད་འདྲ་མིན་གཉིས་ཀྱི་སྡེ་ཆགས་ཚུལ་མཁན་པོ་རང་གྲོལ་ཉི་མ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཡང་དགོན་པའི་ཉེ་འཁོར་དུ་རྩ་ཆེན་ནང་རྟེན་གཅིག་ནི། དགོན་པའི་ཕྱི་ངོས་སུ་བྱང་ཆུབ་མཆོད་རྟེན་ཞིག་གི་ནང་སངས་རྒྱས་འོད་སྲུང་གི་རིང་སྲེལ་གཟུངས་ཞུགས་སུ་ཕུལ་བ་མཇལ་རྒྱུ་ཡོད་ཅིང་། ལོ་རྒྱུས་ནང་ལ་དྭགས་དང་བོད་གཉིས་དབར་དམག་འཁྲུག་བྱུང་བའི་དུས་གཏིང་མོ་སྒང་གི་ཡུལ་དུ་ཕྱི་ལོ་ ༡༦༨༤ ལོར་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་དང་། ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གཉིས་ལ་དྭགས་དང་བོད་ཀྱི་ས་མཚམས་དབྱེ་འབྱེད་དང་ཡང་དོན་རྩ་ཁ་ཤས་ཀྱི་ཐོག་བཞག་པའི་ཆིངས་ཡིག་ལ་གཏིང་མོ་སྒང་གི་ཆིངས་ཡིག་ཅེས་ཞུས་སྲོལ་ཡོད་པ་ཞིག་རེད་འདུག