༸གོང་ས་མཆོག་ཨ་རིའི་ནང་ཆིབས་བསྒྱུར་སྐོར།

ཨ་མི་རི་ཀའི་སྦོ་སི་ཊོན་གྲོང་ཁྱེར་ནང་༸གོང་ས་མཆོག་བཞུགས་སའི་དམིགས་བསལ་བོད་ལུགས་ཀྱི་བཞུགས་ཁྲི་ཡག་པོ་ཞིག་གསར་བཞེས་གནང་བ།

༄༅༎ཨ་མི་རི་ཀའི་སྦོ་སི་ཊོན་གྲོང་ཁྱེར་ནང་བོད་རིགས་མཐུན་ཚོགས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་ལ་ངང་སྒུག་ཞུ་བཞིན་༸གོང་ས་མཆོག་བཞུགས་སའི་དམིགས་བསལ་བོད་ལུགས་ཀྱི་བཞུགས་ཁྲི་ཡག་པོ་ཞིག་གསར་བཞེས་གནང་ཡོད་པའི་སྐོར་གྲོང་ཁྱེར་དེའི་གསར་ཤོག་ལྦི་ཀེཏ་ལོ་ཁལ་ཁེམ་སྦི་རིཇ་ཞེས་པས་གནས་ཚུལ་སྤེལ་ཡོད་པ་རེད།

བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཟླ་མཇུག་ལ་ཨ་མི་རི་ཀའི་གྲོང་ཁྱེར་སྦོ་སི་ཊོན་ནང་ཆིབས་བསྒྱུར་གནང་གི་ཡོད་པ་དང་༸གོང་ས་མཆོག་ནས་ཕྱི་ཚེས་སུམ་ཅུ་ནས་ཕྱི་ཟླ་ལྔ་པའི་ཚེས་གཉིས་བར་མཛད་འཆར་རིམ་པ་ཁག་ཅིག་བསྐྱངས་ཀྱི་ཡོད་པར་དེའི་ནང་གཙོ་བོ་ཞིག་སྤྱི་ནོར་༸གོང་ས་མཆོག་ནས་གྲོང་ཁྱེར་སྦོ་སི་ཊོན་གྱི་སྙན་གྲགས་ཆེ་བའི་ཇི་ལེཏ་སི་ཀྲེ་ཌིཡེམ་ཞེས་པའི་ནང་མི་མང་མང་ཚོགས་ལ་སྔ་དྲོའི་རིང་ནང་ཆོས་ངོ་སྤྲོད་དང་ཉིན་རྒྱབ་ཞི་བདེ་དང་ཡིད་ཀྱི་བདེན་བ་འཚོལ་ཐབས་ཀྱི་སྐོར་བཀའ་སློབ་བཀྲིན་ཆེ་ཡི་ཡོད་པ་དང་གོང་ཞུས་མཛད་འཆར་དེ་གཉིས་སྦོ་སི་ཊོན་བོད་རིགས་མཐུན་ཚོགས་ནས་གོ་སྒྲིག་ཞུས་པ་ཞིག་དང་བོད་རིགས་ཚོགས་པའི་དམིགས་ཡུལ་ལ་༸གོང་ས་མཆོག་གི་བཀའ་སློབ་ཞུ་བར་ཕེབས་མཁན་གྱི་མང་ཚོགས་ཀྱི་ཕྱག་འཁྱེར་བཞེས་པའི་མ་དངུལ་དེ་བོད་རིགས་ཚོགས་པས་སྤྱི་ཁང་ཞིག་རྒྱག་རྒྱུའི་འཆར་གཞི་གནང་གི་ཡོད་པ་དང་སྦོ་སི་ཊོན་གྲོང་ཁྱེར་ནང་ད་ལྟའི་འཆར་བོད་རིགས་མི་མང་དྲུག་བརྒྱ་ཙམ་ཞིག་གཏན་སྡོད་གནང་གི་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org