བོད་མི་ཚོས་ཐེ་དབན་དོ་ཕོག་ས་ཁུལ་དུ་དང་བླངས་གནང་འཆར།
ཐེ་དབན་བོད་མི་ཉི་ཤུ་ཙམ་གྱིས་ཉེ་དུས་ཐེ་དབན་ནང་མཚོ་རླུང་དྲག་པོས་དོ་ཕོག་བྱུང་བའི་ས་ཁུལ་ཁག་ཏུ་གཙང་བཟོའི་དང་བླངས་ཞབས་ཞུ།
-
2009-08-22 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་ལ་དྭགས་རྒྱལ་ས་སླེའི་ནང་ཉིན་བཞིའི་རིང་གི་བཀའ་ཆོས་དབུ་འཛུགས་བསྐྱངས་སྐབས་ཉེ་ལམ་ཐེ་དབན་གྱི་མཚོ་རླུང་དྲག་པོའི་འོག་རྐྱེན་ལམ་དུ་ཕྱིན་པ་དང་རྨས་སྐྱོན་བྱུང་བ་སོགས་གོད་ཆགས་ཕོག་པའི་མི་མང་རྣམས་ཀྱི་ཆེད་དུ་ཐུགས་སྨོན་གནང་འདུག
ཡང་ཐེ་དབན་ནང་བཅའ་བཞུགས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གིས་ཁ་ས་གནས་ཚུལ་སྤེལ་དོན་ལྟར་ན་ཐེ་དབན་བོད་རིགས་ཚོགས་པའི་ཚོགས་གཙོ་བྱམས་པ་ལགས་ཀྱིས་སྣེ་འཁྲིད་གནང་སྟེ་གཙོ་བོ་རྒྱལ་ས་ཐེ་ཡེ་པེའི་ནང་གནས་ཞུགས་བོད་མི་ཉི་ཤུ་ཙམ་གྱིས་ཉེ་དུས་ཐེ་དབན་ནང་མོ་ར་ཀོཏ་ཟེར་བའི་མཚོ་རླུང་དྲག་པོས་དོ་ཕོག་བྱུང་བའི་ས་ཁུལ་ཁག་ཏུ་ངལ་སེལ་དང་གཙང་བཟོའི་དང་བླངས་ཞབས་ཞུའི་ཕན་གྲོགས་གནང་འཆར་ཡོད་པ་རེད། གཟའ་འཁོར་སྔོན་མའི་གཟའ་སྤེན་པའི་ཉིན་བོད་གཞུང་ཐེ་དབན་སྐུ་ཚབ་དོན་གཅོད་ཁང་གིས་མཚོ་རླུང་དེའི་ནང་རྐྱེན་ལམ་དུ་ཕྱིན་པའི་མི་མང་ཚོའི་ཆེད་དུ་དམིགས་བསལ་བསྔོ་སྨོན་ཞིག་གོ་སྒྲིག་གནང་བ་མ་ཟད་བོད་མི་དང་ཐེ་དབན་གྱི་མི་མང་གི་སར་ནས་ཞལ་འདེབས་ཐེ་དབན་སྒོར་མོ་༢༢༧༣༠༠ཙམ་བསྡུ་རུབ་ཞུས་པའཔི་དངུལ་འབོར་ཁག་དེབ་སྐྱེལ་ཡོད་པའི་ངལ་སེལ་ལས་དོན་ཞབས་ཞུའི་ཚོགས་པར་གནང་འཆར་ཡོད་པ་རེད། བཙན་བྱོལ་བོད་གཞུང་གིས་ཐེ་དབན་གྱི་མཚོ་རླུང་ནང་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་འདི་ཟླའི་ཚེས་ཉི་ཤུ་ཉིན་བཞུགས་སྒར་རྡ་རམ་ས་ལར་དམིགས་བསལ་གྱི་སྨོན་ལམ་གསོལ་འདེབས་གོ་སྒྲིག་ཞུས་ཡོད་པ་རེད༎