རྒྱ་ནག་ཧའར་པིང་དུ་ཚོགས་པའི་ཨེ་ཤེ་ཡའི་དགུན་དུས་རྩེད་འགྲན་ཐེངས་ ༩ པའི་གངས་ཤུད་རི་རྩེད་འགྲན་བསྡུར་ཁྲོད་བོད་པའི་བུད་མེད་གཉིས་ལ་གསེར་དང་ལི་མའི་རྟགས་མ་ཐོབ་འདུག

རྒྱ་ནག་གི་ཧའར་པིང་ (Harbin) དུ་ཚོགས་པའི་ཨེ་ཤེ་ཡའི་དགུན་དུས་ཀྱི་གངས་ཤུད་རི་རྩེད་འགྲན་བསྡུར་གསར་པའི་ནང་གངས་རིར་གཤོང་འདྲེད་རྩེད་འགྲན་གྱི་ཕྱི་ཚེས་ ༩ ཉིན་གྱི་སྐྱེད་པ་དང་བུད་མེད་ཀྱི་རྒྱལ་ཁ་ཡོངས་སུ་རྒྱ་ནག་གི་ངོ་བོའི་ཐོག་ནས་རྩེད་འགྲན་བྱེད་མཁན་ཚོར་ཐོབ་ཡོད་ཅིང་། འདིའི་ཁོངས་བུད་མེད་ཀྱི་རུ་ཁག་ནང་བོད་པའི་བུད་མེད་གཉིས་ལ་ཨང་དང་པོ་གསེར་གྱི་རྟགས་མ་དང་ཨང་གསུམ་པ་ལི་མའི་རྟགས་མ་སོ་སོར་ཐོབ་འདུག

ཨེ་ཤེ་ཡའི་དགུན་དུས་རྩེད་འགྲན་ཐེངས་ ༩ པའི་གངས་ཤུད་རི་རྩེད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་མཁན་ཚེ་བརྟན་གཡུ་སྒྲོན། ༢༠༢༥།༠༢།༠༩ Xinhua

རྒྱ་ནག་གི་ཧའར་པིང་དུ་ཚོགས་པའི་ཨེ་ཤེ་ཡའི་དགུན་དུས་ཀྱི་གངས་ཤུད་རི་རྩེད་འགྲན་བསྡུར་གསར་པའི་ནང་ཕྱི་ཚེས་ ༩ ཉིན་གྱི་གངས་རིར་གཤོང་འདྲེད་རྩེད་འགྲན་གྱི་སྐྱེས་པ་དང་བུད་མེད་ཀྱི་རྩེད་འགྲན་གྱི་རྒྱལ་ཁ་ཡོངས་སུ་རྒྱ་ནག་གི་ངོ་བོའི་ཐོག་ནས་རྩེད་འགྲན་བྱེད་མཁན་ཚོར་ཐོབ་ཡོད་ཅིང་། འདིའི་ཁོངས་སུ་བུད་མེད་ཀྱི་རུ་ཁག་ནང་བོད་པའི་བུད་མེད་གཉིས་ལ་ཨང་དང་པོ་གསེར་གྱི་རྟགས་མ་དང་ཨང་གསུམ་པ་ལི་མའི་རྟགས་མ་སོ་སོར་ཐོབ་འདུག


རྒྱ་ནག་གི་ཧའར་པིང་དུ་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ ནས་ཟླ་ ༢ ཚེས་ ༡༤ བར་ཚོགས་བཞིན་པའི་ཨེ་ཤེ་ཡའི་དགུན་དུས་རྩེད་འགྲན་ཆེན་མོ་ཐེངས་ ༩ པའི་ནང་ཐེངས་དང་པོར་གངས་ཤུད་རི་རྩེད་ཀྱི་འགྲན་བསྡུར་བྱས་པའི་རྩེད་རིགས་འདིའི་ཁྲོད།  ཕྱི་ཚེས་ ༩ ཉིན་སྐྱེས་པ་དང་བུད་མེད་གཉིས་ཀའི་གངས་ཤུད་རྩེད་འགྲན་བྱས་པའི་ཁྲོད་རྒྱ་ནག་གི་འཐུས་ཚབ་རྩེད་འགྲན་པ་ཚོར་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་ཡོད་ཅིང་། བུད་མེད་ཀྱི་རྩེད་འགྲན་སྐབས་བོད་རང་སྐྱོང་ལྗོངས་ཟེར་བ་ནས་ཡིན་པ་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་འགྲན་ཞུགས་ནང་དུས་ཡུན་སྐར་མ་ ༢ དང་སྐར་ཆ་ ༥༥.༨༨ བྱས་ཏེ་གསེར་གྱི་རྟགས་མ་བླངས་པ་དང་།  བོད་རིགས་བསོད་ནམས་ཆོས་སྒྲོན་ལགས་སུ་ཨང་རིམ་གསུམ་པར་ལི་མའི་རྟགས་མ་ཐོབ་འདུག་ལ།  བོད་ནང་གི་བོད་མི་མང་པོས་དྷའོ་ཡིང་ (Daoyin) སོགས་སྤྱི་ཚོགས་དྲྭ་རྒྱ་ཁག་ཏུ་བརྙན་པར་སྒྲིག་བཟོ་བྱས་ཏེ་རྩེད་འགྲན་པ་རྒྱལ་ཁ་སོན་མཁན་བོད་པའི་བུད་མེད་གཙོ་གྱུར་གྱིས་རྒྱ་ནག་གི་རྩེད་འགྲན་པ་རྟགས་མ་བླངས་མཁན་རྣམས་ལ་དགའ་བསུ་ཞུ་བཞིན་འདུག་ཅིང་།  སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་མི་ཙམ་མ་ཟད།  རྒྱ་མི་རིགས་ཀྱི་དྲྭ་རྒྱ་བཀོལ་སྤྱོད་པ་ཚོས་ཀྱང་ཐེ་བོང་བཏོན་ཏེ་དགའ་བསུ་བྱེད་བཞིན་འདུག

རང་ལོ་ ༡༨ ཡིན་པའི་གསེར་གྱི་རྟགས་མ་ཐོབ་མཁན་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་གྲུབ་འབྲས་ལེགས་སོན་བྱུང་པར་དགའ་སྤྲོ་ཆེན་པོ་བྱུང་བ་གསུང་ཞིང་།  "འདི་ནི་ང་ཚོའི་ཨེ་ཤི་ཡའི་དགུན་དུས་རྩེད་འགྲན་ནང་འགྲན་ཞུགས་བྱེད་པ་ཐེངས་དང་པོ་ཡིན་པ་དང་།  དགའ་སྤྲོ་ཧ་ཅང་ཆེན་པོ་བྱུང་། རྒྱུག་ལམ་ཧ་ཅང་ཡག་པོ་འདུག་ལ། ང་རང་གི་མགྱོགས་ཚད་ཀྱི་ཐོག་ནས་འགྲན་བསྡུར་བྱེད་ཐུབ་བྱུང་" ཞེས་གསུང་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་འདུག



ཨེ་ཤེ་ཡའི་དགུན་དུས་རྩེད་འགྲན་ཐེངས་ ༩ པའི་གངས་ཤུད་རི་རྩེད་འགྲན་བསྡུར་ཁྲོད་ཨང་གསུམ་པ་ལི་མའི་རྟགས་མ་ཐོབ་མཁན་བསོད་ནམས་ཆོས་སྒྲོན།   པར་དབང་།  ཤིན་ཧྭ།


བོད་རིགས་གངས་ཤུད་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས། ཕྱི་ལོ་ ༢༠༢༦ ལོའི་ Milan- Cortina ལ་ཚོགས་རྒྱུའི་དགུན་དུས་རྩེད་འགྲན་ནང་འཛུལ་བཞུགས་བྱ་རྒྱུར་དམིགས་ནས་ཁོང་གིས་ ༢༠༢༦ ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ཆེན་མོའི་ཆེད་གྲ་སྒྲིག་ཆ་ཚང་བྱེད་བཞིན་ཡོད་པ་དང་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་གསུང་འདུག
དགུན་དུས་གངས་ཤུད་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་མཁན་ཚེ་བརྟན་གཡུ་སྒྲོན་ལགས་ནི་བོད་ལྷོ་ཁ་ཁུལ་གྱི་ལྷུན་རྩེ་རྫོང་ནས་ཡིན་པ་དང་།  ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་ ༣ པའི་ནང་ཡོ་རོབ་ཀྱི་ནོར་ཝེ་རྒྱལ་ས་ཨོསི་ལོར་དགུན་དུས་གངས་ཤུད་ཀྱི་བྱིས་ཁྲོད་ལོ་ན་ ༡༨ མན་གྱི་འགྲན་བསྡུར་གྱི་ནང་དུའང་ཨང་རིམ་དང་པོ་གསེར་གྱི་རྟགས་མ་ཐོབ་མྱོང་ཡོད་མཁན་ཞིག་ཡིན་པ་རེད། 


ད་རེས་ཀྱི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ནང་གངས་ཤུད་རི་རྩེད་འགྲན་བསྡུར་གྱི་ནང་བོད་པའི་མི་རིགས་ཡིན་པ་བུད་མེད་གཉིས་པོ་དང་དེ་བཞིན་སྐྱེས་པ་ཚེ་རིང་དགྲ་འདུལ་བཅས་ཀྱི་མཉམ་ཞུགས་བྱེད་ཡོད་ཅིང་།  འགྲན་བསྡུར་འདིའི་ཁྲོད་ཁྱོན་རྩེད་འགྲན་པ་བུ་ ༨༥ དང་བུད་མེད་ ༨༥ བཅས་བསྡོམས་འགྲན་རྩོད་པ་གྲངས་ ༡༧༠ ལྷག་གིས་མཉམ་ཞུགས་གནང་བཞིན་ཡོད་པ་རེད། 

ཉེ་བའི་ལོ་དུས་ནང་། བོད་མདོ་དབུས་ཁམས་གསུམ་ནས་ཨོ་ལོམ་པིཀསི་དང་།  ཨེ་ཤེ་ཡའི་དབྱར་དགུན་གྱི་རྩེད་འགྲན་སྣ་ཚོགས་སུ་རྒྱ་ནག་གི་འཐུས་ཚབ་ཐོག་ནས་འགྲན་ཞུགས་གནང་མཁན་ཁག་རིམ་པར་ཐོན་བཞིན་ཡོད་ཅིང་། དཔེ་ན་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་མདའ་བཞི་རྫོང་ཝ་འཇོག་ཡུལ་ཚོ་ནས་ཡིན་པའི་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་འགྲན་བསྡུར་ནང་གསེར་གྱི་རྟགས་མ་ཐོབ་པ་མ་ཟད། སྐབས་དེར་ཆུ་ཚོད་ ༡ དང་སྐར་མ་ ༢༥ སྐར་ཆ་ ༡༦ གྱིས་ཨེ་ཤེ་ཡའི་རྩེད་འགྲན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་པ་སོགས་བྱུང་ཡོད་ལ།  ཁོང་མོས་ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༧ ཉིན་ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུག་འགྲན་བསྡུར་ནང་དངོས་སུ་རྩེད་འགྲན་གནང་པ་བྱུང་ཡོད་ལ། ཁོང་མོ་ནི་ལོ་རྒྱུས་སྟེང་ཨོ་ལིམ་པིཀསི་གསེར་གྱི་རྟགས་མ་ལེན་མཁན་བོད་མི་ཐོག་མར་དེ་ཡང་ཡིན་པ་རེད།

སྔ་ལོ་འདུར་རྒྱུག་འགྲན་བསྡུར་ནང་ཞུགས་སྐབས་ཆོས་དབྱིངས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར། ད་རེས་ཀྱི་འགྲན་བསྡུར་མཇུག་འབྲས་ཅུང་སེམས་སྐྱོ་དགོས་པ་ཞིག་ཆགས་སོང་ཡང་། ཁོང་མོའི་ཤུགས་རྐྱེན་ལས་དེང་སྐབས་རྒྱང་རྒྱུག་འགྲན་སྡུར་གཙོས་རྩེད་འགྲན་ཁག་གི་ནང་བོད་རིགས་ལུས་རྩལ་བ་མཉམ་ཞུགས་བྱེད་མཁན་ཇེ་མང་ཡིན་པས་སེམས་པ་དགའ་སྣང་ཡོང་གི་འདུག་ཅེས་ལན་འདེབས་གནང་ཡོད་པ་རེད།།

གསར་འགོད་པ།  མཁའ་འགྲོ་གཡང་འཛོམས།  

རྩོམ་སྒྲིག་པ།   རིག་ལྡན་སྒྲོལ་མ།  བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བཀྲིས་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org