རྒྱ་ནག་གཞུང་གིས་ལྷ་ས་ཁུལ་གྱི་བོད་མི་ཚོར་ཕྱི་ཕྱོགས་ཀྱི་གསར་འགོད་པ་དང་བོད་དོན་ཉམས་ཞིབ་པ་ཚོར་འབྲེལ་བ་བྱེད་མི་ཆོག་པའི་དམ་དྲགས་བྱེད་བཞིན་ཡོད་འདུག
དམིགས་བསལ་གསར་འགོད་ལས་རིགས་གཉེར་མཁན་དང་བོད་དོན་ཉམས་ཞིབ་པ་ཚོར་འབྲེལ་བ་བྱེད་མི་ཆོག་པའི་ཉེན་བརྡ་གཏོང་གི་ཡོད་པ།
- 2023-06-29
-
-
-
Your browser doesn’t support HTML5 audio
འདི་ལོའི་ཕྱི་ཟླ་༣ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སྐད་འཕྲིན་གཙོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མཁན་ཚོར་མུ་མཐུད་དམ་དྲགས་དང་། དམིགས་བསལ་གསར་འགོད་ལས་རིགས་གཉེར་མཁན་དང་བོད་དོན་ཉམས་ཞིབ་པ་ཚོར་འབྲེལ་བ་བྱེད་མི་ཆོག་པའི་ཉེན་བརྡ་གཏོང་གི་ཡོད་པ་དང་། ཕྱི་ཕྱོགས་སུ་ཐེངས་འགར་འབྲེལ་བ་བྱེད་རིགས་ལ་འབོད་འགུག་འདྲི་རྩད་དང་། ཁ་པར་དང་བྱང་བུ་སོགས་ཉེན་བརྡ་ཅན་གྱི་ཁུངས་སུ་བཞག་སྟེ། མི་སྣ་དེའི་འགྲོ་འདུག་སྐྱོད་གསུམ་སོགས་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ། བོད་ནང་གི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་དེས་མུ་མཐུད་བརྗོད་དོན་ལ། ལྷ་ས་ཕྱོགས་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པས་བོད་མི་མང་དག་ཅིག་འཛིན་བཟུང་འབོད་འགུག་བྱས་ཡོད་པ་དངོས་སུ་ཤེས་རྟོགས་བྱུང་ལ། ང་རང་ལ་མཚོན་ན་ཕྱི་ཕྱོགས་སུ་འབྲེལ་བ་རེ་གཉིས་བྱས་རྐྱེན། ཉེ་སྔོན་ང་དང་གྲོགས་པོ་གཉིས་བཅས་འབྲེལ་ཡོད་ས་གནས་སྲིད་གཞུང་གིས་འབོད་འགུག་གིས། ཕྱི་ཕྱོགས་ཀྱི་བོད་མི་དང་ལྷག་པར་དུ་གསར་འགོད་པ་དང་། བོད་དོན་ཉམས་ཞིབ་པ་ཚོར་སྐད་ཆ་བཤད་པ་དང་ཡི་གེ་བསྐུར་བ་སོགས་རྩ་བ་ཉིད་ནས་བྱས་མི་ཆོག་པའི་ཉེན་བརྡ་བཏང་སོང་སྐོར་འགྲེལ་བརྗོད་གནང་བྱུང།
ཡང་འབྲེལ་ཡོད་བོད་མི་གཞན་དེས་དེང་སྐབས་ཕྱི་ཕྱོགས་ཀྱི་བོད་མི་དང་འབྲེལ་ཡོད་ལ་སྤྱིར་བཏང་གི་སྐད་ཆ་ལྟ་བུ་བཤད་ཀྱང་འབོད་འགུག་དང་ཉེན་བརྡ་གཏོང་བ་དང་། ང་རང་ལ་མཚོན་ན་ད་ལོ་གཅིག་པུར་ཐེངས་གཉིས་ལ་འབོད་འགུག་གིས་འདྲི་རྩད་དང་། ཐེངས་རྗེས་མ་དེར་ངོ་ཤེས་ཤིག་བརྒྱུད་དངུལ་སྤྲད་ནས་བཀག་ཉར་ཁང་ནས་ཕྱིར་བཏོན་ན་ཡང་། ད་ལྟ་མུ་མཐུད་ཉེན་བརྡ་ཅན་གྱི་མིང་ཐོའི་ཁོངས་སུ་བཅུག་ཡོད་པས། ལྷ་ས་ནས་ས་གནས་གང་དུ་འགྲོ་དགོས་ཀྱང་ས་གནས་ཉེན་རྟོགས་ལས་ཁུངས་སུ་ཆོག་མཆན་ཞུ་དགོས་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཕྱི་ཕྱི་ཕྱོགས་སུ་ཐེངས་མང་ལ་འབྲེལ་བ་བྱེད་མཁན་ཚོ་གང་བྱུང་འབོད་འགུག་གིས་འདྲི་རྩད་དང་། ཐོབ་ཐང་ལག་འཁྱེར་མིང་ཐོའི་སྟེང་ནག་ཉེས་ཅན་གྱི་རྟགས་བརྒྱབ་པ་སོགས་བྱུང་གི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༣ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་བོད་མི་ཚོར་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མི་ཆོག་སྐོར་བརྗོད་ནས། གང་བྱུང་ཞིབ་བཤེར་ཤུགས་ཆེར་བྱས་ཡོད་པ་རེད་ལ། དཔེར་ན། དེ་སྔ་གཞིས་ཀ་རྩེ་གྲོང་ཁྱེར་ནས་ཡིན་པ་སྤེན་པ་ཚེ་རིང་ལགས་སུ་ཁ་བྲལ་བར་འབྲེལ་བ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བཀག་ཉར་དང་། རྗེས་སུ་ཀློད་གྲོལ་བཏང་རྗེས། མུ་མཐུད་སུན་བཙེར་དང་གྲོང་ཚོ་ཡོངས་སུ་སྤྲོད་བཞིན་པའི་རོགས་སྐྱོར་ཁ་གསབ་དངུལ་མི་སྤྲོད་པ་དང་། གྲོང་མི་ཚོར་ཁོང་དང་འབྲེལ་འདྲིས་བྱས་མི་ཆོག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།