རྒྱལ་ས་ལྷ་སའི་ནང་ཞི་བདེ་ཡོང་བའི་ཆེད་གནས་མཇལ།

༣།༡༤འི་དུས་དྲན་ཉིན་བོད་ནང་བོད་མི་གནས་མཇལ་བ་ཚོས་སྤྱི་ཚོགས་ཞི་བདེ་སྐྲུན་ཐབས་དང་མི་ཚེ་ཡག་པོ་ཞིག་ཡོང་བའི་ཆེད་སྨོན་ལམ།

༄༅༎དེ་རིང་རྒྱ་ནག་གཞུང་གི་ཤིང་ཧྰ་གསར་ཤོག་ཐོག་ལ། ཕྱི་ལོ་༢༠༠༨་ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༤ཉིན་ལྷ་ས་གྲོང་ཁྱེར་ནང་དུ་ངོ་རྒོལ་གྱི་དྲག་པོའི་ཟིང་ཆའི་དོན་རྐྱེན་བྱུང་ནས་མི་ལོ་གཉིས་འཁོར་བའི་ཉིན་དེར། བོད་མི་གནས་མཇལ་བ་ཚོས། སྤྱི་ཚོགས་ཞི་བདེ་སྐྲུན་ཐབས་དང་མི་ཚེ་ཡག་པོ་ཞིག་ཡོང་བའི་ཆེད་དུ་ལྷ་སའི་ཇོ་ཁང་དང་རྩེ་ཕོ་བྲང་དུ་ཆོས་མཇལ་དུ་བསྐྱོད་ཡོད་པའི་སྐོར་བཀོད་ཡོད་པ་རེད།

བོད་ཀྱི་ཕྱོགས་མཐའི་ས་ཁུལ་ནས་ལྷ་སར་གནས་མཇལ་དུ་སླེབས་པ་དང་ལྷ་སའི་མི་དམངས་ཁྲོད་ནས་དེ་རིང་སྔ་པོ་ནས་ལྷ་ལྡན་གཙུག་ལག་ཁང་དུ་ཆོས་མཇལ་དུ་བསྐྱོད་མཁན་ཡོད་པ་མ་ཟད། དེ་རིང་གི་ཉིན་མོ་དེ་ནི། བོད་ཀྱི་ལོ་གསར་གྱི་ཚེས་༢༩ ཡིན་ཞིང། དམིགས་བསལ་བོད་མིའི་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་གང་ཡང་འཁེལ་མེད་ཀྱང། གནས་མཇལ་བ་རྣམས་ཀྱི་ལག་ཏུ་མ་ཎི་འཁྱེར་ཏེ། བར་སྒོར་དང་རྩེ་འཁོར་དུ་བསྐྱོད་མཁན་མཐོང་རྒྱུ་ཡོད་པ་དང། ཁག་ཅིག་ནི་ཕ་མས་ཕྲུ་གུ་མ་འབྱར་རྒྱབ་ཏུ་འཁྱེར་བ་དང། ཁག་ཅིག་འཁོར་ལོ་ཅན་གྱི་སྐུ་སྟེགས་ཐོག་བསྡད་དེ་སྐོར་བ་གསོག་ཀྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད། ཡིན་ནའང་༢༠༠༨ ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༤ ཉིན་རྒྱལ་ས་ལྷ་སའི་ནང་དྲག་པོའི་ཟང་ཆའི་དོན་རྐྱེན་བྱུང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཚབས་ཆེ་བྱས་ཏེ། དེ་རིང་གིས་མི་ལོ་གཉིས་འཁོར་བའི་ཉིན་མོ་ཡིན་ཞིང། རྒྱ་ནག་གཞུང་གིས་དུས་དྲན་དེ་མ་ཟིན་གོང་ནས། བོད་ཀྱི་ས་ཁུལ་ནང་དུ་དམ་བསྒྲགས་ཆེ་རུ་བཏང་སྟེ། བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དམིགས་བསལ་ཉེན་རྟོག་པ་འགྲེམས་འཇོག་བྱས་པ་མ་ཟད། ཁོང་ཚོས་མི་དམངས་ཀྱི་སྡོད་ཁྱིམ་སྔོག་བཤེར་བྱེད་པ་དང། ངོ་སྤྲོད་ལག་འཁྱེར་ཞིབ་བཤེར་བྱེད་བཞིན་ཡོད་ཅིང། ཤིང་ཧྰ་གསར་ཤོག་དེའི་ཐོག་ལའང་ཉེན་རྟོག་པ་དང་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་དཔུང་ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་གང་སར་འགྲེམས་འཇོག་བྱས་ཡོད་པའི་གནས་ཚུལ་བཀོད་ཡོད་པ་མ་ཟད། གཟའ་འཁོར་སྔོན་དེར་ལྷ་ས་གྲོང་ཁྱེར་བདེ་འཇགས་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས། ༢༠༠༨ ལོའི་ཟིང་ཆའི་དོན་རྐྱེན་ཟིན་པའི་སྔ་རོལ་ནས། སྤྱི་ཚོགས་བརྟན་ལྷིང་རྒྱུན་གནས་ཡོང་ཐབས་དང། ཁྲིམས་འགལ་བྱ་སྤྱོད་རིགས་འགོག་ཐབས་ཀྱི་ཆེད་དུ་ཁོང་ཚོས་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་གི་སྲང་ལམ་ཐོག་མྱུལ་ཞིབ་བྱེད་པར་ཉེན་རྟོག་དམག་དཔུང་འཕར་མ་འགྲེམས་འཇོགས་བྱས་ཡོད་པའི་སྐོར་བཤད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org