སྙན་ངག་པ་བོང་སྟག་རི་ལུ་རྐྱེན་འདས་སུ་ཕྱིན་པར་བོད་མི་ཚོས་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཤུགས་ཆེར་བྱེད་བཞིན་འདུག

ཁོང་ནི་ཡུན་རིང་སྙན་ངག་ཁོ་ནར་འབད་བརྩོན་དང་། འབྲི་ཐབས་སོགས་ཀྱང་གཞན་དང་མ་འདྲ་བར་ཐབས་ཤེས་བྱ་མཁན་དང་། སྙན་ངག་ལ་བློ་བ་དཀར་མཁན་གྱི་ན་གཞོན་གྲུབ་འབྲས་ཅན་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

སྙན་ངག་པ་བོང་སྟག་རི་ལུ་ལགས་དང་ཁོང་གིས་བརྩམས་པའི་དཔེ་དེབ་ཁག སྒྲིག་བཟོ།

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༦ ཉིན་བོད་ནང་གི་ན་གཞོན་སྙན་ངག་པ་དང་རྩོམ་པ་པོ། གཞས་ཚིག་རྩོམ་པ་པོ་རིན་ཆེན་དོན་གྲུབ་བམ་སྨྱུག་མིང་ལ་བོང་སྟག་རི་ལུ་ལགས། གཏེར་ལེན་ཁའི་གྲོང་ཁྱེར་ནས་ཕ་ཡུལ་བོང་སྟག་ཏུ་འགྲོ་བའི་ལམ་བར་དུ་རླངས་འཁོར་དོན་རྐྱེན་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། བོད་ནང་གི་བོད་མི་ཤེས་ཡོན་པ་དང་སྨྱུག་ཐོག་པ་མང་པོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྙན་ངག་པ་ཁོང་ལ་མྱ་ངན་དང་། གདུང་སེམས་མཉམ་སྐྱེད་དུ་སྙན་ངག་དང་རྩོམ་སོགས་སྣ་ཚོགས་སྤེལ་བཞིན་འདུག་ལ། ཁོང་དང་འབྲེལ་ཡོད་རྩོམ་གྲོགས་ཤིག་གིས་སྙན་ངག་པ་ཁོང་ནི་ཡུན་རིང་སྙན་ངག་ཁོ་ནར་འབད་བརྩོན་དང་། འབྲི་ཐབས་སོགས་ཀྱང་གཞན་དང་མ་འདྲ་བར་ཐབས་ཤེས་བྱ་མཁན་དང་། སྙན་ངག་ལ་བློ་བ་དཀར་མཁན་གྱི་ན་གཞོན་གྲུབ་འབྲས་ཅན་ཞིག་ཡིན་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དྲ་ལམ་ཁག་ཏུ་ཁོང་གི་སྐོར་ལ་སྤེལ་བཞིན་པའི་གནས་ཚུལ་ཁག་ནང་། རྩོམ་པ་པོ་ཁོང་ནི་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་སློབ་མཐར་ཕྱིན་རྗེས། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ལོ་བཅུ་གྲངས་ལྷག་རིང་གནང་ཞིང་། དེའི་རྗེས་གཏེར་ལེན་ཁ་གྲོང་ཁྱེར་དུ་ཡོད་པའི་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ཕྱག་ལས་གནང་ཡོད་སྐོར་བཀོད་འདུག་ལ། དྲ་ལམ་ཁག་ཏུ་མི་སྒེར་ངོས་ནས་མྱ་ངན་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་པའི་ཁྲོད། མིང་ལ་མགར་ཐང་ཞེས་པ་ཞིག་གིས་བོང་སྟག་རི་ལུ་ནི་འབྲོག་སྐད་ལ་ཤིན་ཏུ་ལོབས་པའི་འབྲོག་པ་སྙན་ངག་པ་ཞིག་རེད། བོང་སྟག་རི་ལུ་ནི་སྲིད་པའི་གླུ་རྒན་ཞིག་ཀྱང་ཡིན་པས། ཁོང་ཉིད་འདས་གྲོངས་སུ་ཕྱིན་པར་འཕངས་སེམས་ཡོད་སྐོར་བརྗོད་འདུག་ལ། ཡང་གཞན་ཞིག་གིས་འདས་ཟིན་པ་ནི་ཉི་འོད་ལྟ་བུ་ཁྱོད་རང་ཡིན་ལ། ལུས་ཡོད་པ་ནི་བཀྲག་མདངས་མཚེར་བའི་ཁྱོད་ཀྱི་སྙན་ངག་སྒྱེ་གང་བོ་ཡིན། བདེ་བར་བཞུད་སོགས་བཀོད་འདུག

སྙན་ངག་པ་བོང་སྟག་རི་ལུ་ནི་སྙན་ངག་གཅིག་པུ་ཙམ་མ་ཡིན་པར་གཞས་ཚིག་རྩོམ་པ་པོ་ཞིག་ཀྱང་ཡིན་པ་དང་། ཁོང་གི་སྙན་ངག་དང་གཞས་ཚིག་ཁག་ལ་བོད་ཕྱི་ནང་གཉིས་ནས་དགའ་མོས་གནང་མཁན་དང་། ཁོང་གི་སྙན་ངག་གིས་ཤུགས་རྐྱེན་ཐེབས་པའི་གཞོན་སྐྱེས་མང་དག་ཅིག་ཡོད་པ་ལས། ས་རྭ་མཐོ་སློབ་དུ་སློབ་གཉེར་གནང་བཞིན་པ་བློ་བཟང་ཉ་རྒྱས་ལགས་ནས། སྙན་ངག་པ་བོང་སྟག་རི་ལུ་དང་དྲ་ལམ་དུ་ངོ་ཤེས་ཆགས་ཏེ་ཡུན་རིང་འགྲོ་སོང་ལ། སྙན་ངག་པ་ཁོང་གིས་སྙན་ངག་དང་གཞས་ཚིག་དག་ནི་ཁ་སྐད་ལམ་ནས་འབྲི་བ་གང་ཞིག་ལ། བརྗོད་བྱ་བརྗོད་བྱེད། བརྡ་ཆད་སྤྱོད་ཚུལ་སོགས་སྤུས་ཚད་མཐོ་བོ་ཡིན་པ་དང་། དེ་མིན་གཞས་ཚིག་དང་གྱེར་འདོན་སྙན་ངག་སོགས་མང་པོ་འབྲི་བཞིན་འདུག་ལ། ནམ་རྒྱུན་ཕན་ཚུན་ཁ་བརྡ་བྱེད་སྐབས་མི་གཤིས་འཇམ་པོ་ཅན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

དྲ་ལམ་དུ་སྤེལ་བཞིན་པའི་ཁོང་གི་ལོ་རྒྱུས་ཐུང་ཐུང་ཞིག་ཏུ། སྙན་ངག་པ་བོང་སྟག་རི་ལུ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་མཚོ་སྔོན་པོའི་བོང་སྟག་ཏུ་སྐྱེས་ཤིང་། ཁོང་གིས་ད་བར་སྙན་ངག་དཔེ་དེབ་ང་ངོ་མ་འཚོ་འདོད་དང་། སྙན་ངག་སྒྱེ་མོ་གང་།སྙན་ངག་ངོ་མ། ཤ་ཚ་བའི་ཚིག་ལ་སྙན་མོ་མེད། སེམས་ཁུར་ཞིག ང་ལ་གསེར་སྒ་བསྟད་ཡོད་བཅས་དང་། རྒྱ་ཡིག་ནང་བྲིས་པའི་སྙན་ངག་དེབ་ནུབ་རླུང་ལ་སྒུག་པ། དམངས་སྲོལ་བརྩམས་ཆོས་དཔེ་དེབ། བོད་ཀྱི་གཉེན་བཤད་ཕྱོགས་བསྒྲིགས་དང་། དེ་བཞིན་གཞས་ཚིག་བརྩམས་ཆོས་ང་ཚོའི་རྩ་བ་དང་ང་གངས་སེང་དཀར་མོའི་བུ་རྒྱུད་། ཨ་ཅེ་སྒྲོལ་མ། བརྩེ་དུང་ནི་ཀུ་རེ་རྩེད་པ་འདྲ་སོགས་གཞིས་ཚིག་བརྒྱ་ལྷག་བརྩམས་གནང་ཡོད་པ་དང་། ཁོང་གི་དངོས་བྱུང་བརྙན་འཕྲིན་བརྩམས་ཆོས་གཞན་དང་མཉམ་འབྲེལ་བྱས་བའི་འབྲོག་མོ་ཞིག་གི་ཉིན་གཅིག་ཅེས་པ་སྔ་ཕྱིར་ཨ་མདོ་བརྙན་འཕྲིན་དང་མཚོ་ནུབ་བརྙན་འཕྲིན་སོགས་ནས་བསྟན་ཡོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།   
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org