རྒྱ་ནག་སྲིད་འཛིན་ཧུའུ་རྡི་ལི་ནས་ཐོན་ཁར་བོད་མིས་ངོ་རྒོལ།

རྒྱ་གར་དུ་བོད་མི་ཁག་ཅིག་གིས་སྤྱི་སྤྱོད་རླངས་འཁོར་ནས་མཆོངས་ཏེ་རྒྱ་ནག་གི་སྲིད་འཛིན་ཡོད་སའི་མགྲོན་ཁང་མདུན་ངོ་རྒོལ་བྱས་འདུག

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་རྒྱ་གར་ནང་འཚམས་གཟིགས་རིང་གནས་སྡོད་བྱེད་སའི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཨོ་སྦི་རོའེ་མགྲོན་ཁང་ནས་དེ་རིང་གཟའ་པ་སངས་ཉིན་ཁམ་བུ་གྲི་ཡ་ཡུལ་དུ་མ་ཐོན་སྔོན་མགྲོན་ཁང་གི་ཕྱི་ལ་བོད་མི་ཁག་ཅིག་གིས་སྤྱི་སྤྱོད་རླངས་འཁོར་ནས་མཆོངས་ཏེ་མགྲོན་ཁང་མདུན་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་ནས་རྒྱ་གར་ཉེན་རྟོག་པས་ངོ་རྒོལ་གནང་མཁན་མི་གྲངས་བདུན་ འཛིན་བཟུང་བྱས་ཡོད་པ་དང་ ཁོང་ཚོའི་ཁྲོད་རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་དང་ དེ་བཞིན་བེུད་གསུམ་བཅས་ཡོད་ཅིང་ ཁོང་ཚོ་ཉེན་རྟོག་པས་བཟུང་ཏེ་ལཇ་པཏ་ན་གར་ཉེན་རྟོག་ལས་ཁང་དུ་ཁྲིད་ཡོད་པ་དང་ ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་ཁོང་ཚོ་གློད་བཀྲོལ་བཏང་བ་ཉེན་རྟོག་མི་སྣ་ཞིག་གིས་འགྲེལ་བརྗོད་བྱས་འདུག རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་འགྲེལ་བརྗོད་བྱས་དོན་ལྟར་ན་ཕྱི་ཚེས་༢༩དང་༣༠ཉིན་འཛིན་བཟུང་བྱས་པའི་བོད་མི་ངོ་རྒོལ་བ་ཡོངས་རྫོགས་གློད་བཀྲོལ་བཏང་ཡོད་པ་དང་ རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་གར་གྱིས་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་རྒྱུའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཡོད་པ་དང་ ང་ཚོ་བོད་མི་ཚོས་ཀྱང་དེ་རིང་འདིར་རྒྱ་ནག་གི་དབང་བསྒྱུར་ལས་རང་དབང་ཐོབ་ཕྱིར་ངོ་རྒོལ་བྱེད་ཀྱི་ཡོད་ཅེསཨའེ་ཨེ་ཨེན་ཨེསི་ཞེས་པའི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་ཅིང་ དེ་བཞིན་ རྒྱ་གར་གྱི་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཡཤི་ལྦནཏ་སིན་ཧ་མཆོག་གིས་རྒྱ་གར་ཉེན་རྟོག་པས་བོད་མི་ངོ་རྒོལ་བ་འཛིན་བཟུང་བྱེད་ཡས་ཀྱི་བྱ་སྤྱོད་ཐོག་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org