ཞི་ཅིན་ཕིན་གྱི་ལས་ཡུན་གསུམ་པ་ནི་བོད་མི་ཚོས་ཆེས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཡིན་ཟེར།

འབྱུང་འགྱུར་ལོ་ལྔའི་ནང་ད་ལྟ་འཛིན་བཞིན་པའི་དྲགས་གནོན་རང་བཞིན་གྱི་སྲིད་བྱུས་དེ་མུ་མཐུད་འཛིན་པ་ཡིན་ན། རྒྱ་ནག་ཙམ་མིན་པར། ཚང་མར་དོ་ཕོག་འགྲོ་ངེས་ཡིན། བོད་མི་ངོས་ནས་བོད་ཀྱི་གནད་དོན་གང་ཐུབ་ཀྱིས་ཁྱབ་སྤེལ་དང་ལས་འགུལ་སྤེལ་དགོས་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཉིས་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། སྒྲིག་བཟོ།

ཕྱི་ལོ་ ༢༠༢༢ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༣ ཉིན་ཞི་ཅིན་ཕིན་སླར་ཡང་རྒྱ་ནག་གི་སྲིད་འཛིན་དུ་བསྐོ་བཞག་བྱས་ཏེ། འབྱུང་འགྱུར་ལོ་ལྔའི་རིང་ཞི་ཅིན་ཕིན་རྒྱ་ནག་གི་དམག་སྲིད་ཏང་གསུམ་གྱི་འགོ་ཁྲིད་ཆགས་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་དམར་ཤོག་གི་ལམ་སྲོལ་མང་དག་ཅིག་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱིས་མེད་པ་བཟོ་བཞིན་ཡོད་པའི་ཁར། མི་གཅིག་དབང་བསྒྱུར་གྱི་ནུས་པ་ཆེ་རུ་གཏོང་མུས་ཡིན། འབྱུང་འགྱུར་ལོ་ལྔའི་ནང་ད་ལྟ་འཛིན་བཞིན་པའི་དྲགས་གནོན་རང་བཞིན་གྱི་སྲིད་བྱུས་དེ་མུ་མཐུད་འཛིན་པ་ཡིན་ན། རྒྱ་ནག་ཙམ་མིན་པར། ཚང་མར་དོ་ཕོག་འགྲོ་ངེས་ཡིན། བོད་མི་ངོས་ནས་བོད་ཀྱི་གནད་དོན་གང་ཐུབ་ཀྱིས་ཁྱབ་སྤེལ་དང་ལས་འགུལ་སྤེལ་དགོས་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། 

བོད་མི་རིགས་ལྟ་བུ་མཚོན་ན། ཆོས་ལུགས་ཀྱི་འདུ་ཤེས་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སྲིད་བྱུས་ལག་བསྟར་ཤུགས་ཆེར་བྱེད་མུས་ཡིན་ཞིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། འདས་པའི་ལོ་བཅུའི་དུས་ཡུན་རིང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གི་རང་དབང་སོགས་ནི་ཚབས་ཆེ་རུ་ཕྱིན་ཡོད་ལ། སྲིད་བྱུས་འདྲ་མིན་གྱི་མིང་ཐོག་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། མདོར་ན་འདས་པ་ལོ་བཅུའི་ནང་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་སྣ་ཚོགས་བཏིང་ཡོད་པ་དེ་དག་ངེས་པར་དུ་མཚམས་འཇོགས་དགོས་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་གནང་སོང་། 

ཡང་རྒྱ་ནག་གཞུང་གིས་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་དུས་ཡུན་ལོ་ལྔ་རེའི་མཚམས་ལ་ཐེངས་རེ་ཚོགས་སྲོལ་ཡོད་པ་ལྟར། སླེབས་ལ་ཉེ་བའི་ཚོགས་འདུ་ཐེངས་བརྒྱད་པ་དེ་ཚོགས་པའི་སྐབས། ཞི་ཅིན་ཕིན་གྱི་ལས་ཡུན་གསུམ་པའི་རིང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཇི་ལྟར་ཆགས་མིན་ཐད་གསལ་སྟོན་བྱེད་ཀྱི་ཡོད་པ་རེད།

ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་བཙན་བསྒྱུར་གྱི་སྲིད་བྱུས་དེ་ལག་བསྟར་བྱེད་མུས་ཡིན་པ་ནི་ཞི་ཅིན་ཕིན་སྲིད་འཛིན་སྐབས་སུ་བྱུང་ཡོད་པ་མ་ཟད། འདས་པའི་ལོ་བཅུའི་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་ཡོད་པ་མ་ཟད། འབྱུང་འགྱུར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཀྱི་ཚད་གཞི་ཆེས་སྡུག་ཤོས་གྲས་ཤིག་ལ་སླེབས་སྲིད་པ་འགྲེལ་བརྗོད་གནང་བྱུང་།  

འགྲོ་བ་མིའི་ཐོབ་ཐང་ཙམ་མིན་པར། འདས་པའི་ལོ་བཅུ་རིང་འདིར་། རྒྱ་ནག་གཞུང་གིས། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པ་ཁོར་ཡུག་སྲུང་ལས་འགུལ་བ་ཚོས་ཐེར་འདོན་རིམ་པ་བྱས་ཡོད་ལ་། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། འདས་པའི་ལོ་༡༠ ཡི་ནང་བོད་གི་ཁོར་ཡུག་གི་གནས་སྟངས་ཇེ་སྡུག་ཏུ་བཏང་ཡོད་པ་དེ་རྒྱ་ནག་གཞུང་གིས། དེང་གི་ཚན་རིག་པ་དང་ཁོར་ཡུག་ཉམས་ཞིབ་པ་སོགས་དང་ལྷན་དུ་གོ་བསྡུར་གྱིས་སླར་གསོ་གནང་ཐབས་དགོས་པ་འགྲེལ་བརྗོད་གནང་བྱུང་། 

ཞི་ཅིན་ཕིན་གི་ལས་ཡུན་གསུམ་པ་ནི་བོད་མིས་གདོང་ལེན་ཤུགས་ཆེར་བྱེད་དགོས་པའི་དུས་ཤིག་ཞིག་ཡིན་པ་མ་ཟད། བོད་ནང་དུ་དངོས་ཡོད་གནས་སྟངས་གཞིར་བཞག་གིས། འགྱུར་བ་མ་ཕྱིན་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས། མུ་མཐུད་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན་པ་གཞོན་ནུ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། 

ཡང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། ཞི་ཅིན་ཕིན་སླར་ཡང་སྲིད་འཛིན་དུ་བསྐོ་བཞག་བྱས་པ་དེར་བཟང་ཕྱོགས་ཀྱི་རེ་བ་གང་ཡང་རྒྱག་གི་མེད་པ་མ་ཟད། བོད་དོན་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་། 

གཞན་ཡང་ཁ་སྔོན་ཕྱི་ཚེས་ ༡༦ ཉིན་བསྐོང་ཚོགས་གནང་བའི་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་ ༢༠ པ་མགོ་འཛུགས་བྱེད་པའི་སྐབས། ཞི་ཅིན་ཕིན་གྱིས། གཏམ་བཤད་ནང་། རྒྱ་ནག་གི་དམག་དོན་དེང་དུས་ཅན་དུ་བསྒྱུར་ཏེ། ཡར་རྒྱས་ཆེན་པོ་གཏོང་དགོས་པ་དང་། སྲུང་སྐྱོབ་ཀྱི་གནད་དོན་གཙོ་ཟུང་དགོས་པ། རྒྱལ་ནང་ཞི་བདེ་ལྷིང་འཇགས་དགོས་པ།  དེ་བཞིན་ཐའེ་ཝན་ཐོག་མུ་མཐུད་ལངས་ཕྱོགས་མཁྲེགས་བཟུང་དགོས་པ་གསལ་སྟོན་བྱས་ཡོད་པ་རེད། དཔེར་ན། བོད་ལྟ་བུ་མཚོན་ན། སྲུང་སྐྱོབ་དང་བདེ་འཇགས། བརྟན་ལྷིངས་ཀྱི་མིང་ཐོག་ནས་བོད་མི་ཚོར་དམ་དྲགས་ཇེ་ཆེར་བཏང་ཡོད་པ་རེད། 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org