རྡ་རམ་ས་ལར་རང་ལུས་མེར་སྲེག་བཏང་འདུག

ལྷ་རྒྱལ་རི་ཉེ་འགྲམ་གླིང་བསྐོར་ལམ་འོག་གི་རྡོ་ཕ་བོང་ཆེན་པོ་ཞིག་སར་རང་ལུས་མེར་བསྲེགས་གནང་མཁན་དེ་འདས་ཟིན་འདུག

ལྷ་རྒྱལ་རི་ཉེ་འགྲམ་གླིང་བསྐོར་ལམ་འོག་གི་རྡོ་ཕ་བོང་ཆེན་པོ་ཞིག་སར་རང་ལུས་མེར་བསྲེགས་གནང་མཁན་དེ་འདས་ཟིན་འདུག TYC

དེ་རིང་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་སླར་ཡང་མི་ཞིག་གིས་རྡ་རམ་ས་ལར་ཉིན་གུང་ཚོུད་གསུམ་པ་ཡས་མས་ཞིག་ལ་རང་ལུས་མེར་བསྲེགས་བཏང་འདུག  ད་ལྟའི་འཆར་མི་དེ་སུ་ཡིན་མིན་ངོ་ཐག་ཆོད་མེད་ཀྱང་། སྐྱ་བོ་ལོ་ན་ཉི་ཤུའི་ནང་སླེབས་པ་ཞིག་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་འདུག  འོན་ཀྱང་རང་ལུས་མེར་བསྲེགས་བཏང་ཡུལ་ནི་ལྷ་རྒྱལ་རི་ཉེ་འགྲམ་གླིང་བསྐོར་ལམ་འོག་གི་རྡོ་ཕ་བོང་ཆེན་པོ་ཞིག་དང་ཤིང་སྡོང་འགའ་རེ་ཡོད་པའི་ས་ཆ་ཞིག་ཏུ་ཡིན་འདུག་ཅིང་རང་ལུས་མེར་བསྲེགས་གནང་མཁན་དེ་འདས་ཟིན་འདུག་ལ།
མི་དེའི་ལུས་པོར་མེ་འབར་བཞིན་པ་གླིང་བསྐོར་དུ་ཕེབས་མཁན་མི་ཁག་གཅིག་གིས་མཐོང་སྟེ། དེ་མ་ཐག་རྡ་ས་ས་གནས་བདེ་དོན་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་འབྲེལ་བ་བྱས་འདུག།   རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་བྱུང་པའི་ཚོུད་འགའ་ཤས་ཀྱི་རྗེས་རྒྱ་གར་གྱི་ཉེན་རྟོག་པ་དང་གསང་ལས་སྡེ་ཚན་གྱི་མི་སྣ།  ཕུང་པོའི་དཔྱད་ཞིབ་ཚན་པ་སོགས་རིམ་པས་འབྱོར་ཏེ། ཕུང་པོ་ངོ་ཐག་གཅོད་ཐབས་བྱས་འདུག་ཀྱང་།  གྲུབ་འབྲས་སོན་མེད་པ་འདི་ག་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་ལོ་བྷེ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་རེད།
རང་ལུས་མེར་བསྲེགས་བྱུང་ཡུལ་དང་ཉེ་པོར་བསྐོར་བར་ཕེབས་བཞིན་པ་བསྟན་འཛིན་རྡོ་རྗེ་ལགས་ཞུ་བས། ལུས་པོར་མེ་ཧ་ཅང་ཆེན་པོ་འབར་བཞིན་འདུག་པ་དང་། ས་ཆ་དེ་ཡང་གཡང་ངོས་ཞིག་ཡིན་སྟབས་བྱ་ཐབས་བྲལ་ཞིང་།  མྱུར་དུ་མི་གཞན་ལ་ཁ་པར་ཐོག་འབྲེལ་བ་གནང་ལུགས་གསུངས་བྱུང་ལ།  དེ་བཞིན་ཁོང་གིས་གསུངས་ན།  རང་ལུས་མེར་བསྲེགས་གནང་མཁན་ཁོང་གིས་ཡིན་པར་ཡིད་ཆེས་བྱེད་པའི་ཁུག་མ་ཞིག་གི་ནང་།  བོད་ཀྱི་རྒྱལ་དར་ཆུང་ངུ་ཞིག་དང་། རྒྱ་གར་གྱི་སྒོར་མ་འགའ། དེ་བཞིན་ཤོག་ཆུང་ཞིག་གི་སྟེང་ཁ་པར་ཨང་གྲངས་ཞིག་བཅས་ཐོན་ཡོད་འདུག   འདི་གའི་གསར་འགོད་པ་ལོ་བྷེ་ལགས་ཀྱིས་ཁ་པར་ཨང་གྲངས་དེ་རྡ་རམ་ས་ལའི་ཁུལ་བརྙན་འཕྲིན་ལས་ཁང་ཞིག་གི་ལས་བྱེད་རྒྱ་གར་བ་ཞིག་ཡོད་པ་དེས་ཡིན་པ་ར་འཕྲོད་བྱུང་འདུག
ད་ལྟའི་སྐབས་ཕུང་པོ་རྒྱ་གར་ས་གནས་ཉེན་རྟོག་པས་མུ་འཐུད་ཞིབ་གཤེར་ཆེད་འོར་འདྲེན་ཟིན་འདུག
རྡ་རམ་ས་ལའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་ནི། ཝ་ར་ན་སིར་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་བྱས་པའི་རྗེས་ཉིན་གྲངས་གསུམ་གྱི་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org