བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཙན་བྱོལ་ནང་གི་གཞོན་སྐྱེས་གཙོ་བོར་གྱུར་བའི་བོད་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་རྒྱུར་དམིགས་པའི་གཏམ་བརྗོད་གཟིགས་འབུལ་གྱི་ལས་འགུལ་སྤེལ་བཞིན་པར། བོད་མི་ཚོས་བསྔགས་བརྗོད་དང་འབྲེལ་བོད་དོན་གཏམ་བརྗོད་གཟིགས་འབུལ་གྱི་ལས་གཞི་བསྐྱར་གསོ་བྱས་པར་དགའ་བསུ་ཞུ་བཞིན་འདུག
- 2025-04-24
-
-
-
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཙན་བྱོལ་ནང་གི་གཞོན་སྐྱེས་གཙོ་བོར་གྱུར་བའི་བོད་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་རྒྱུར་དམིགས་པའི་གཏམ་བརྗོད་གཟིགས་འབུལ་གྱི་ལས་འགུལ་སྤེལ་བཞིན་པར། བོད་མི་ཚོས་བསྔགས་བརྗོད་དང་འབྲེལ་བོད་དོན་གཏམ་བརྗོད་གཟིགས་འབུལ་གྱི་ལས་གཞི་བསྐྱར་གསོ་བྱས་པར་དགའ་བསུ་ཞུ་བཞིན་འདུག
དེ་ཡང་ཟླ་ ༤ ཚེས་ ༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྙིང་སྟོབས་ཀྱི་འབོད་སྒྲ་ཞེས་པའི་གཏམ་བརྗོད་སྐོར་སྐྱོད་ཀྱི་ལས་གཞི་སྤེལ་སྒོ་བཙུགས་ཏེ་ད་བར་ཉིན་གྲངས་ ༢༤ འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེའི་བོད་མིའི་གཞིས་ཆགས་ཁག་ ༡༧ ནང་གཏམ་བརྗོད་གཟིགས་འབུལ་ཞུས་ཟིན་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟླ་གཉིས་རིང་གི་གཏམ་བརྗོད་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཐོག་མར་བཞུགས་སྒར་ནས་སྤེལ་འགོ་བཙུགས་པ་ནས་བཟུང་། ད་བར་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་བསྟན་པར་བོད་མི་རྒན་གཞོན་བར་གསུམ་ཚང་མས་དོ་སྣང་ཆེན་པོ་མཉམ་ཞུགས་གནང་ཡོད་པ་དང་། ལྷག་པར་མི་རབས་རྒན་པ་ཁག་ཅིག་གིས་དེ་སྔོན་བོད་དོན་དང་འབྲེལ་བའི་གཏམ་བརྗོད་གཟིགས་འབུལ་གྱི་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད་ནའང་། ཕྱིས་སུ་དེ་འབྲེལ་གཏམ་བརྗོད་ཀྱི་ལས་འགུལ་མེད་པ་ལྟ་བུ་ཆགས་སོང་ཡང་། ཐེངས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྙིང་སྟོབས་ཀྱི་འབོད་སྒྲ་ཞེས་པའི་གཏམ་བརྗོད་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བར་བསྔགས་བརྗོད་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་མུ་མཐུད་ཁོང་གིས་དེང་སྐབས་སློབ་གྲྭ་དང་། མཐོ་རིམ་སློབ་གཉེར་ཁང་ཕལ་མོ་ཆེའི་སློབ་ཕྲུག་རྣམས་བཙན་བྱོལ་ནང་སྐྱེས་ཤིང་འཚར་ལོངས་བྱུང་ཡོད་པས། བོད་ནང་གི་ཛ་དྲག་གནས་སྟངས་མཚོན་པའི་གཏམ་བརྗོད་དེ་ལྟ་བུས་མི་རབས་གཞོན་པ་དེ་དག་ལ་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བཙན་བྱོལ་ནང་གི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་གྲས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཟླ་གྲངས་གཉིས་རིང་རྒྱ་གར་ནང་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཏམ་བརྗོད་གཟིགས་འབུལ་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྒན་གཞོན་བར་གསུམ་ལ་བོད་ནང་གི་ཛ་དྲག་གནས་སྟངས་རྒྱུས་མངའ་ཡོང་རྒྱུ་དང་། པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་བསླེབས་ལ་ཉེ་བ་དང་བསྟུན་ཁོང་ཉིད་གང་དུ་ཡོད་མེད་ཕྱི་གསལ་ནང་གསལ་དགོས་རྒྱུ་མ་ཟད་མྱུར་དུ་གློད་བཀྲོལ་ཡོང་བའི་ཞུ་འབོད་ཀྱི་རྡ་ལན་སྤྲོད་རྒྱུ། དེ་བཞིན་བཙན་བྱོལ་ནང་བོད་མི་ཉུང་ཤས་ཡོད་པ་རྣམས་ཀྱིས་གཞིས་བཞུགས་བོད་མིའི་རེ་བ་བཞིན་བོད་མི་གཅིག་འགྱུར་ཡིན་པའི་འདུ་ཤེས་འཛིན་པའི་ཐོག་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུའི་ཆེད་ཡིན་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཚོགས་གཞོན་ནས་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྙིང་སྟོབས་ཀྱི་འབོད་སྒྲ་ཞེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་རྒྱུའི་ལས་འགུལ་དེ་བཞིན་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་བཙུགས་ཀྱིས་ད་བར་ས་གནས་ ༡༧ ནང་གཟིགས་འབུལ་ཞུས་ཟིན་འདུག་ལ། ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་། དེའི་ནང་ཡོད་པའི་སློབ་གྲྭ་ཁག་ཏུ་གཟིགས་འབུལ་ཞུ་བཞིན་པ་རེད་འདུག དེ་རྗེས་མུ་མཐུད་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཧུན་སུར་དང་། ཀོ་ལི་གྷལ། བྷེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། སྦེང་ལོར་བོད་ཁྱིམ་སྡོད་ཁང་། རྒྱ་གར་དབུས་ཁུལ་གྱི་བོད་མིའི་གཞི་ཆགས་ཁག་གསུམ་གཙོས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་དང་བོད་མི་འདུས་སྡོད་ས་གནས་སོ་སོར་གཟིགས་འབུལ་གྱིས་འདི་ལོའི་ཟླ་བ་ ༥ ནང་ལ་དྭགས་སུ་གཟིགས་འབུལ་མཐའ་མ་ཞུས་ཏེ་མཇུག་སྒྲིག་འཆར་ཡོད་པ་རེད་འདུག །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།