ཡེ་ཤེས་ཞི་སྲས་ལ་སུད་སི་ནང་གི་དྲག་རྩལ་འགྲན་བསྡུར་ཞིག་གི་ཁྲོད་རྒྱལ་ཁ་ཐོབ་འདུག
སུད་སིར་གནས་བཞུགས་བོད་རིགས་ན་གཞོན་ཡེ་ཤེས་ཞི་སྲས་ལ་སུད་སི་ནང་གི་དྲག་རྩལ་འགྲན་བསྡུར་ཞིག་གི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་རེད།
-
2017-11-28 -
-
-
སུད་སིར་གནས་བཞུགས་བོད་རིགས་ན་གཞོན་ཡེ་ཤེས་ཞི་སྲས་ལ་སུད་སི་ནང་གི་དྲག་རྩལ་འགྲན་བསྡུར་ཞིག་གི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་རེད།
དེ་ཡང་ཉེ་ལམ་སྤྱི་ཟླ་༡༡་པའི་ཚེས་༡༨་ཉིན་སུད་སིའི་རྒྱལ་ས་(Zurich)་ནང་ཚོགས་པའི་རྒྱལ་སྤྱིའི་དྲག་རྩལ་འགྲན་བསྡུར་ཚོགས་པའི་གོ་སྒྲིག་འོག་ལྗིད་ཚད་༧༢་དང་༥་ཡི་ཁོངས་གཏོགས་སུ་མཐའ་མིའི་འགྲན་བསྡུར་ནང་བོད་རིགས་ཡེ་ཤེས་ཞི་སྲས་ཀྱིས་ཁ་གཏད་དང་དྲག་རྩལ་འཐབ་བཞིན་པའི་དུས་ཡུན་ཅུང་ཟད་རྗེས་སུ། ཁོང་གིས་རྐང་པ་གཞུ་ཐེངས་གཅིག་གིས་ཁ་གཏད་(Timo Durst)་ ཟེར་བ་ས་ལ་འགྱེལ་བས་ཁོང་ལ་རྒྱལ་ཁབ་ཐོབ་ཡོད་པ་རེད།
དེ་སྔོན་དྲག་རྩལ་འགྲན་བསྡུར་ཐེངས་དྲུག་ནང་ཁོང་ལ་རྒྱལ་ཁ་ཐོབ་ཡོད་ཀྱང་ཡེ་ཤེས་ཞི་སྲས་དང་ཁོང་གཉིས་མཐའ་མའི་འགྲན་བསྡུར་ནང་ཁོང་ཕམ་ཉེས་ཕྱིན་ཡོད་པ་རེད་འདུག
བོད་རིགས་ན་གཞོན་ཡེ་ཤེས་ཞི་སྲས་ཚང་ནི་དྲག་རྩལ་ཆེད་ལས་པ་ཞིག་ཡིན་པ་དང་། ཁོང་གིས་ནམ་རྒྱུན་དུ་དྲག་རྩལ་འགྲན་བསྡུར་གྱི་སྐབས་སུ་བོད་ཀྱི་རྒྱལ་དར་འཁོད་པའི་སྟོད་གོས་དང་། དེའི་སྟེང་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ཞེས་པའི་བོད་ཡིག་གི་ཡིག་འབྲུ་དེ་དག་འཁོད་ཡོད་པ་རེད། དེ་བཞིན་དྲག་རྩལ་འགྲན་བསྡུར་གྱི་སྐབས་སུ་ཡེ་ཤེས་བོད་ཅེས་(Yeshi Tibet)་ ཞེས་པའི་མིང་བྱང་འོག་དུ་དྲག་རྩལ་འགྲན་བསྡུར་ནང་མཉམ་ཞུགས་
བྱེད་ཀྱི་ཡོད་འདུག
ལོ་ན་༢༣་ཡིན་པའི་ཡེ་ཤེས་ཞི་སྲས་ནི་སུད་སི་ཡུལ་དུ་སྐྱེས་ཤིང་། ཁམས་ཏྲེ་ཧོར་བསྟན་དར་ཞི་སྲས་ཚང་གི་བུ་ཡིན་པ་དང་། ཁོང་གི་སྤུན་མཆེད་རྒན་པས་ཀྱང་དྲག་རྩལ་སྦྱོང་བརྡར་བྱེད་བཞིན་ཡོད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།