༧གོང་ས་མཆོག་བོད་དུ་ཕེབས་རྒྱུར་ངང་སྒུག་ཞུས་ནས་བསྡད་ཡོད་པ།

བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་ལ་དད་གུས་ཆེན་པོས་བོད་དུ་ཕྱིར་ལོག་ཕེབས་རྒྱུར་ངང་སྒུག་ཞུས་ནས་བསྡད་ཡོད་པ་རེད་འདུག

མཚོ་སྔོན་ཕྱོགས་ཀྱི་བོད་མི་ཁག་གཅིག་གིས་༧གོང་ས་མཆོག་གི་སྐུ་པར་ལ་སྨོན་ལམ་སྐྱོན་བཞིན་པ། པར་ཚགས།

བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་ལ་དད་གུས་ཆེན་པོས་བོད་དུ་ཕྱིར་ལོག་ཕེབས་རྒྱུར་ངང་སྒུག་ཞུས་ནས་བསྡད་ཡོད་པ་རེད་འདུག
ཉེ་དུས་བོད་ནང་གཉེན་འཕྲད་དུ་བསྐྱོད་མཁན་བོད་མི་ཞིག་གིས། དཀར་མཛེས་ཁུལ་གྱི་བོད་མི་ཚོས་རྒྱ་ནག་གི་དམ་དྲག་ཡོད་མེད་ལ་བལྟོས་པར་༧གོང་ས་མཆོག་གི་སྐུ་པར་རང་རང་སོ་སོའི་ཁྱིམ་ཚང་དུ་བཤམས་ཡོད་པ་དང་། ༧གོང་ས་མཆོག་བོད་དུ་ཕྱིར་ལོག་ཕེབས་རྒྱུར་ངང་སྒུག་ཞུས་ནས་སྡད་ཡོད་པའི་སྐོར་གསུང་འདུག
འདི་གའི་གསར་འགོད་པ་བསོད་ནམས་དབང་འདུད་ལགས་ཀྱིས་གནས་ཚུལ་བཏང་བ་ལྟར་ན། ལོ་མང་རིང་ཕྱི་ཕྱོགས་སུ་སྐྱབས་བཅོལ་དུ་བཞུགས་པའི་ཕ་ཡུལ་དཀར་མཛེས་ནས་ཡིན་པའི་དབང་འདུད་ལགས། ཉེ་ཆར་ཕ་ཡུལ་དཀར་མཛེས་ལ་གཉེན་འཕྲད་དུ་བསྐྱོད་དེ་ད་ལྟ་ཕྱིར་ཡོ་རོབ་ཏུ་ཕྱིར་ལོག་གནང་ཡོད་པ་རེད། ཁོང་གིས་གསར་འགོད་པར་ཕ་ཡུལ་གྱི་མཐོང་ཐོས་བརྗོད་སྐབས། དཀར་མཛེས་ཁྲོམ་གཞུང་དུ་མེ་མདའ་འཁྱེར་བའི་རྒྱ་མིའི་དམག་མི་མང་པོས་སྐོར་གཡེང་དུ་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་ས་གནས་བོད་པ་ཚོའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་དྲག་བྱེད་བཞིན་པ་མཐོང་ཚུལ་དང་། ཁྲོམ་ལམ་ཐོག་བོད་མི་གསུམ་ཡན་སྐད་ཆ་བཤད་པ་དམག་མི་དང་ཉེན་རྟོག་པས་མཐོང་ན་ལམ་སང་ཁྱེད་ཚོས་སྐད་ཆ་ག་རེ་བཤད་ཀྱི་ཡོད་ཟེར་ནས་འདྲི་བཞིན་འདུག་ཅེས་དང་།
ཡང་ཁོང་གིས་གསུང་ཡས་ལ། བོད་འགའ་ཞིག་གིས་ཟུར་དུ་ཁོང་ལ་བོད་དོན་སྐོར་སྐད་ཆ་དྲིས་པ་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ག་དུས་བོད་དུ་ཆིབས་བསྒྱུར་གནང་གི་ཡོད་མེད་བཀའ་འདྲི་གནང་མཁན་མང་པོ་བྱུང་། ཁོང་ཚོས། བོད་ནང་གི་བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེ་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་བ་དང་། ༧གོང་ས་མཆོག་བོད་དུ་ཆིབས་སྒྱུར་གནང་རྒྱུར་སྒུག་བསྡད་ཡོད་པ་གསུང་པ་ལས་ཞིབ་ཕྲའི་སྐད་ཆ་གསུང་ཕོད་ཀྱི་མི་འདུག་ཅེས་སོགས་གསུང་འདུག

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org