བོད་བྱང་ཐང་གི་རྐྱང་གསོན་བཤུ་བྱེད་མཁན་འཇུ་བཟུང་བྱས་འདུག
བོད་བྱང་ཐང་ནས་མི་ཞིག་གིས་རྐྱང་གསོན་བཤུ་བྱེད་བཞིན་པའི་འདྲ་པར་ལ་སྤྱི་ཚོགས་ནང་ཁ་རྡུང་དྲག་པོ་ཕོག་པ་དང་ཁོ་འཇུ་བཟུང་བྱས་འདུག
-
2014-08-15 -
-
-
བོད་བྱང་ཐང་ནས་མི་ཞིག་གིས་རྐྱང་གསོན་བཤུ་བྱེད་བཞིན་པའི་འདྲ་པར་ལ་སྤྱི་ཚོགས་ནང་ཁ་རྡུང་དྲག་པོ་ཕོག་པ་དང་ཁོ་འཇུ་བཟུང་བྱས་འདུག
དེ་ཡང་ཉེ་ཆར་སྐྱེས་པ་ཞིག་གིས་བོད་ཀྱི་བྱང་ཐང་དུ་རྐྱང་ཞིག་གི་རྔ་མ་གསོན་བཤུ་བྱེད་བཞིན་པའི་འདྲ་པར་རྒྱ་ནག་གི་ཝེ་པོ་སོགས་སྤྱི་ཚོགས་དྲ་ལམ་དུ་ཐོན་རྗེས་། མི་རྣམས་ཀྱིས་དོ་སྣང་དང་སྐྱེས་པ་དེར་ཁྲིམས་ཆད་ནན་མོ་གཅོད་དགོས་པའི་ཁ་རྡུང་གཏོང་བཞིན་ཡོད་། རྒྱ་ནག་གི་ཧྭ་ཞིས་ཚགས་པར་ནང་བརྗོད་ན། མི་དེ་ནི་རྒྱ་ནག་ཀྲེ་ཅང་ནས་ཡོང་བའི་རྒྱ་རིགས་ཚོང་པ་ཆེན་པོ་ཞིག་ཡིན་པ་དང། ལྷ་སའི་ནང་ས་ཁང་དང་། ལྕགས་ལམ་། གཏེར་ཁ་སྔོག་འདོན་སོགས་ཀྱི་ཚོང་ལས་གཉེར་མཁན་ཞིག་ཡིན་པ་མ་ཟད་། ལྷ་སའི་ནང་རིན་གོང་ཆེས་ཆེ་བའི་ཧྥུ་ར་རོས་ཞེས་པའི་རླངས་འཁོར་གཏོང་མཁན་ཉག་ཅིག་དེ་ཡིན་ཚུལདང་། ཡང་གནས་ཚུལ་ནང་བརྗོད་ན། བོད་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི་མངའ་རིས་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཀརྨ་ཚེ་སྒྲུབ་ཀྱི་སྐད་ཆ་ལུང་འདྲེན་བྱས་བ་ལྟར་ན། མི་དེ་ཚེས་༡༡ཉིན་གྱི་དགོང་མོར་ས་གནས་ཤིང་ནགས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཚུལ་དང་། གྱོད་དོན་དེར་འདྲི་ཞིབ་བྱེད་བཞིན་པའི་སྒང་ཡིན་པས། གནས་ཚུལ་ཞིབ་ཕྲ་མང་པོ་ད་ལྟ་ཕྱི་བསྒྲགས་བྱེད་བདེ་བོ་མེད་ཚུལ་བརྗོད་འདུག
རི་རྐྱང་ངམ་བོད་རྐྱང་ནི་བོད་མཐོ་སྒང་དུ་ཧ་ཅང་དཀོན་པའི་རྟ་རྒོད་རྩ་ཆེན་ཞིག་ཡིན་ཞིང་། ད་ལྟ་རྒྱ་ནག་གི་རྒྱལ་ཁབ་རིམ་པས་རི་དྭགས་སྲུང་སྐྱོབ་ཀྱི་ཁོངས་སུ་བཞག་ཡོད། རྒྱ་ནག་གི་དྲ་ཐོག་ནས་ཀྱང་མི་མང་པོས་གནས་ཚུལ་དེར་དོ་སྣང་གིས་བོད་ཀྱི་རི་དྭགས་སྲུང་སྐྱོབ་འབྲེལ་ཡོད་སྡེ་ཚན་ནས་འདྲ་པར་ཐོག་གི་སྐྱེས་པ་དེར་ཁྲིམས་ཆད་ནན་མོ་གཅོད་དགོས་པའི་འབོད་སྐུལ་ཞུ་གི་ཡོད་པ་རེད།
གསར་འགོད་པ་ལྕགས་མོ་འཚོ།