བོད་མིའི་རང་དབང་སྒེར་ལངས་ཉིན་ཨའོསི་ཊརེ་ལི་ཡ་ནང་གི་གྲོང་སྡེ་ལས་ཁུངས་ཤིག་ནས་ཐེངས་དང་པོ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་ཨའོསི་ཊརེ་ལི་ཡ་ས་གནས་མེ་རི་བོ་རོང་ (Maribyrnong) གྲོང་སྡེ་ལས་ཁུངས་ཀྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག
- 2025-03-11
-
-
-
Your browser doesn’t support HTML5 audio
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་ཨའོསི་ཊརེ་ལི་ཡ་ས་གནས་མེ་རི་བོ་རོང་(Maribyrnong)གྲོང་སྡེ་ལས་ཁུངས་ཀྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༠ ཉིན་བོད་མི་གནས་སྡོད་འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་སྐད་འབོད་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་ངོ་རྒོལ་གནང་ཡོད་པ་ལྟར། ཨའོསི་ཊརེ་ལི་ཡ་གི་མངའ་སྡེའི་ཝིག་ཀྲོ་རི་ཡའི་ས་གནས་མེ་རི་བོ་རོང་(Maribyrnong)གྲོང་སྡེ་ལས་ཁུངས་ཀྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཆོན་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག་ཅིང་། རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོའི་ཐོག་ཨའོསི་ཊརེ་ལི་ཡ་གྲོས་ཚོགས་འཐུས་མི་ཟུར་པ་ཇེ་ནེཊ་ར་ཡི་སི་(Janet Rice)ལགས་དང་། མེ་རི་བོ་རོང་གྲོང་སྡེ་ལས་ཁུངས་ཀྱི་འཐུས་མི་ཟུར་པ་སི་མོན་ཀོ་རོ་ཕོར་དཊ་(Simon Crawfordat )ལགས་ལྷན་ཞུགས་ཀྱིས་བོད་མི་རྣམས་ཀྱིས་སེམས་ཤུགས་ཆག་མི་ཉན་པ་དང་། བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་གྱིས་འབད་རྩོལ་བྱས་ན་འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག གཞན་ཡང་མཛད་སྒོའི་ཐོག་ཨའོསི་ཊརེ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་བསྟན་འཛིན་བློ་བཟང་ལགས་དང་། ཝིག་ཊོ་རི་ཡ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི། ས་གནས་བོད་མི་སོགས་མཉམ་ཞུགས་གནང་འདུག
ཝིག་ཊོ་རི་ཡ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་ཆོས་གྲགས་ལགས་ཀྱིས་གསུངས་དོན་ལ། ཨའོསི་ཊརེ་ལི་ཡ་ནང་གྲོང་སྡེ་ལས་ཁུངས་ཤིག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་ཐེངས་དང་པོ་ཡིན་པ་དང་། དེའི་ཆེད་དུ་ཨའོསི་ཊརེ་ལི་ཡ་བོད་དོན་ལྷན་ཚོགས་དང་། བོད་རིགས་མཐུན་ཚོགས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་རྣམས་ཀྱིས་འབད་རྩོལ་ཞུས་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉིན་རྒྱབ་ལས་འགུལ་བ་རྣམས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་ལག་ཏུ་ཕྲེད་དར་སོགས་བསྣམས་ཏེ་རྒྱ་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ནང་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་གནང་འདུག །
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།