ད་ལོར་བོད་མི་སྐྱབས་བཅོལ་བའི་དགུན་ཚོང་དེ་ཙམ་ཡག་པོ་མེད་པ།

གནམ་གཤིས་འགྱུར་ལྡོག་གི་དབང་གིས་བོད་མི་སྐྱབས་བཅོལ་བའི་དགུན་ཚོང་ལ་དོ་ཕོག་ཆེན་པོ་ཡོང་བཞིན་ཡོད་པ་རེད།

ལྡེ་ར་རྡུན་བོད་མིའི་ཁྲོམ་ས། ༢༠༡༤།༧།༡༥ ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

གནམ་གཤིས་འགྱུར་ལྡོག་གི་དབང་གིས་བོད་མི་སྐྱབས་བཅོལ་བའི་དགུན་ཚོང་ལ་དོ་ཕོག་ཆེན་པོ་ཡོང་བཞིན་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་མི་ལོ་༤༠ཙམ་གྱི་རིང་། ཟླ་ངོ་བཞི་ནས་དྲུག་བར་གྱི་དགུན་ཚོང་དེ་བརྒྱུད་བོད་མི་ཚོས་ཡོང་འབབ་གང་འཚམ་ཡག་པོ་བཟོ་བཞིན་ཡོད་ཀྱང་། ད་ལོ་རྒྱ་གར་ནང་གནམ་གཤིས་དེ་ཙམ་གྲང་མོ་མེད་པའི་རྐྱེན་ཀྱིས་ཁོང་ཚོའི་དགུན་གོས་ཉོ་མཁན་རེ་ཟུང་ལས་མེད་པར་བོད་མི་སྐྱབས་བཅོལ་བ་ཚོའི་དགུན་ཚོང་ལ་དོ་ཕོག་ཆེན་པོ་ཡོང་བཞིན་ཡོད་པ་རེད།
རྒྱ་གར་Golmoriས་གནས་སུ་ཡོད་པའི་ཚོང་པ་ཡེ་ཤེས་ལགས་ཀྱིས། ང་རང་དགུན་ཚོང་ལ་ཡོང་བའི་ལོ་ངོ་བཅུ་ཙམ་འདིའི་ནང་གནམ་གཤིས་འགྱུར་ལྡོག་ཆེན་པོ་ཕྱིན་སོང་། དེ་སྔོན་ཡིན་ན་སྤྱི་ཟླ་བཅུ་པའི་ཟླ་མཇུག་ཙམ་ནས་གནམ་གཤིས་གྲང་མོ་ཆགས་ཀྱི་རེད། འོན་ཀྱང་ད་ཆ་སྤྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ཙམ་ལ་ཡང་གནམ་གཤིས་གྲང་མོ་ཆགས་ཀྱི་མིན་འདུག་ཅེས་གསུངས་འདུག
ཡང་ཚོང་པ་སངས་རྒྱས་ལགས་ཀྱིས། ང་ཚོས་ཚོང་བཞིན་པའི་བལ་གྱི་སྟོད་ཐུང་སོགས་ཚང་མ་སྤུས་ཀ་ཡག་ལ་བཟོ་བལྟ་ཡང་ཡག་པོ་ཡོད་པས། ལོ་ལྟར་དགུན་ཁ་ཤར་བ་དང་གྲོང་ཁྱེར་ནང་གི་མི་ཚོས་ང་ཚོ་ཚོང་ལ་ཡོང་འགྱུར་རེ་སྒུག་བྱས་ནས་བསྡད་ཀྱི་རེད། འོན་ཀྱང་ད་ཆ་གོ་ལའི་ཚ་དྲོད་ཇེ་ཆེར་འགྲོ་བཞིན་པའི་དབང་གིས་ཚོང་ཡག་པ་ཡོང་ས་མ་རེད་ཅེས་གསུངས་འདུག དེ་མིན་ཚོང་པ་གཞན་ཞིག་གིས་ཀྱང་། ང་ཚོས་དགུན་ཚོང་དེའི་ཆེད་ལོ་གཅིག་ཙམ་རེ་སྒུག་བྱས་པ་ཡིན། འོན་ཀྱང་དུས་ཚོད་འགྱུར་འགྲོ་བཞིན་ཡོད་པས། ང་ཚོས་ཀྱང་ཚོང་དུས་བརྗེ་དགོས་ཐུག་ས་རེད་ཅེས་གསུངས་འདུག
ལོ་ལྟར་དགུན་དུས་སླེབས་པ་དང་བསྟུན། རྒྱ་གར་གྱི་ས་ཁུལ་ཁག་འདྲ་མིན་ནང་ཡོད་པའི་བོད་མི་རྣམས་གྲོང་ཁྱེར་ཆེ་ཁག་ནང་བལ་སོགས་ལས་བཟོས་པའི་དགུན་ཁའི་གྱོན་ཆས་རིགས་ཚོང་དུ་འགྲོ་རྒྱུ་དེ་ནི་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཚོས་ལོ་མང་རིང་འཚོ་རྟེན་གྱི་ཡོང་འབབ་འཚོལ་ས་གཙོ་བོ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org