ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འཕོ་འགྱུར་གཏོང་རྒྱུའི་གྲོས་ཆོད་བཞག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་བཞག་སོང་།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ལགས། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་་བཅས། སྒྲིག་བཟོ།/RFA

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་བཞག་སོང་།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ལས་ཉིན་བཅུ་པ་སྟེ། སྤྱི་ཟླ་༣པའི་ཚེས་༢༥ཉིན་གྱི་ཞོགས་པར། སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་༣༩པ་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ལགས་བཅས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་འགལ་ཡོད་པས་འཕོ་འགྱུར་གཏོང་དགོས་པའི་གྲོས་འཆར་བཏོན་སྐབས། སྤྱི་འཐུས་ཁག་ཅིག་གིས་རྒྱབ་སྐྱོར་མ་བྱས་བ་དང་། གྲོས་འཆར་དེ་དཀའ་རྙོག་སེལ་བར་ཕན་ཐོགས་མེད་པ་སོགས་ཀྱི་དགོངས་ཚུལ་བཏོན་པར་བརྟེན། མཐའ་དོན་ཚོགས་གཙོ་མཆོག་གི་བཀའ་ལྟར་གསང་བའི་འོས་ཤོག་བླུགས་པ་བརྒྱུད། གྲོས་ཚོགས་འཐུས་མིའི་རྩ་འབོར་གསུམ་ཆ་གཉིས་ལྷག་གིས་རྒྱབ་སྐྱོར་གྱིས་མོས་མཐུན་གཏན་འབེབས་གནང་སོང་།
ཐོག་མར་གྲོས་ཆོད་གྲོས་འཆར་དེ་གྲོས་ཚོགས་སུ་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་འདོན་སྐབས། ཕྱི་ལོ་༢༠༢༠ཟླ་བ་༨པའི་ཚེས་༡༣ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦དང་། ༤༩ནང་གསེས་༢གཉིས་ཀྱི་དགོངས་དོན་ལྟར། བཅའ་ཁྲིམས་ཀྱི་རྒྱ་ལས་མ་འགོངས་པའི་ཐོག་ནས་གྲོས་ཚོགས་ཕར་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་པ་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་དང་། དེ་འབྲེལ་ཐག་གཅོད་བཀའ་ཁྱབ་བཏང་བ་བཅས་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་བར་བརྟེན། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས། གྲོས་ཆོད་བཞག་ཉིན་ནས་འཕོ་འགྱུར་བཏང་དགོས་པ་སོགས། སྔོན་གླེང་དང་གྲོས་ཆོད་དུ་འཁོད་ཡོད་པ་རེད།
ཡང་གྲོས་ཆོད་དེའི་སྐོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ནས་གསལ་བཤད་གནང་སྐབས། སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་བྱས་པ་འགྲིག་ཡོད་མེད་གང་ལྟར་ཀྱང་། དེ་ཡང་སྤྱི་འཐུས་ལྷན་ཚོགས་རང་གིས་ཐག་གཅོད་བྱེད་རྒྱུ་རེད་མ་གཏོགས། ཁྲིམས་ཁང་གཅིག་གིས་དེ་ལ་བྱུས་གཏོགས་གང་ཡང་བྱེད་མི་ཆོག་པ་དང་། བཅའ་ཁྲིམས་དོན་ཚན་༤༦དང་ཡང་འགལ་འགྲོ་ཡི་ཡོད་པ་སྟེ། སྤྱི་འཐུས་མི་བྱེ་བྲག་པ་དང་སྤྱི་འཐུས་ལྷན་ཚོགས་སུ་ཡིན་ན་ཁྲིམས་ཞིབ་ཁང་གང་གི་ཁྱབ་ཁོངས་འོག་ཏུའང་མེད་པ་དང་། གྲོས་ཆོད་གྲོས་འཆར་འདི་ཁུར་ཡོང་དོན་ནི་དགའ་ནས་མིན་པར་ཨུ་ཐུག་ནས་ཡིན་པ་སོགས་གསལ་བཤད་གནང་གི་འདུག
གཞན་ཡང་གྲོས་ཆོད་དེ་ལ་རྒྱབ་སྐྱོར་གནང་རོགས་ཀྱི་འབོད་སྐུལ་གནང་མཁན་གྱི་གྲས། བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས། མ་འོངས་༧རྒྱལ་བའི་ཡང་སྲིད་དང་འོས་བསྡུ་དེ་འདྲའི་ཐོག་ལའང་། (ཁྲིམས་ཞིབ་ཁང་གིས་)ད་ལྟའི་དབང་ཚད་ཀྱི་ཐོག་ནས་ལག་པ་བརྐྱངས་ན་ཉེན་ཁ་ཡོད་པ་སོགས་ཀྱིས། གནང་སྟངས་དེ་ལ་མོས་མཐུན་རྩ་བ་ནས་མ་བྱུང་བ་གསུང་གི་འདུག
ཡིན་ནའང་། བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས། ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་ཕྱིན་པ་ཙམ་གྱིས། དཀའ་རྙོག་དེ་སེལ་ཐུབ་ཀྱི་མེད་པས་དེ་སེལ་བའི་ཐབས་ལམ་བཙལ་དགོས་ལུགས་གསུང་ཡོད།
ཕྱི་ལོ་༢༠༢༠ཟླ་༩པའི་ཚེས་༢༥ཉིན་འཁོད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་སྤྲོད་བརྡ། ཞེས།“སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་༡༡ནས་བསམ་བཞིན་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་ཐག་གཅོད་བཀའ་ཁྱབ།”ཅེས་ཤོག་ངོས་༡༣ཅན་ཞིག་བཏང་བའི་ནང་། སྤྱི་མང་ཁྲིམས་ཡིག་དོན་ཚན་༥༡(ཁ)༢)དགོངས་དོན་རྒྱུན་ལས་ཀྱི་ཚོགས་མི་གྲངས་༡༡ལ། བཀའ་ཁྱབ་བཏང་ཚེས་ནས་ཕྱི་ལོ་༢༠༢༡ཟླ་༣པའི་ཚེས་༡༡བར། འོས་བསྡུའི་སྒྲིག་གཞི་དོན་ཚན་༤པ་ནང་གསལ། གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་ཆད་འགེལ་བཀའ་ཁྱབ་ཏུ་ཞེས་སོགས་འཁོད་ཡོད་ཅིང་། སྤྱི་འཐུས་ལྷན་ཚོགས་སུ་བཞག་པའི་གྲོས་ཆོད་དེའི་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེད་བཅར་དྲི་བ་བྱས་ཀྱང་། ཁྲིམས་ཞིབ་པ་རྣམ་པ་བཞུགས་མེད་པ་དང་གནས་སྐབས་གང་ཡང་གསུང་རྒྱུ་མེད་ལུགས་འགྲེལ་བརྗོད་གནང་གི་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org