བོད་མདོ་སྨད་ཨ་མདོ་བླ་བྲང་ཁུལ་དུ་བོད་མི་སློབ་གྲྭ་བས་ངོ་རྒོལ།

མདོ་སྨད་ཨ་མདོ་བླ་བྲང་སང་ཆུ་གྲོང་སྡེའི་རྫོང་ནང་གི་བོད་རིགས་སློབ་གྲྭའི་སློབ་མ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

༄༅༎རྒྱ་ནག་གཞུང་གིས་དེང་སྐབས་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་མང་པོའི་ནང་དམག་མི་འཕོན་ཆེ་འགྲེམས་འཇོག་བྱས་ནས་དམ་བསྒྲགས་ཆེན་པོ་བྱེད་མིན་ལ་མ་ལྟོས་པར་དེ་རིང་ཕྱི་ཟླ་བཞི་པའི་ཚེས་ཉི་ཤུ་བཞི་ཉིན་སྔ་དྲོ་མདོ་སྨད་ཨ་མདོ་བླ་བྲང་སང་ཆུ་གྲོང་སྡེའི་རྫོང་ནང་གི་བོད་རིགས་སློབ་གྲྭའི་སློབ་མ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་ད་ལྟའི་ཆར་ས་ཁུལ་དེའི་ནང་དམག་དཔུང་གིས་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག

ཨ་མདོ་བླ་བྲང་ཆང་ཆུ་རྫོང་བོད་རིགས་སློབ་གྲྭའི་སློབ་ཕྲུག་ཚོས་མཐོ་རིམ་སློབ་གྲྭའི་བོད་རིགས་སློབ་མའི་གྲངས་འབོར་མང་པོ་ཞིག་རྒྱ་རིགས་སློབ་ཕྲུག་ལ་སྤྲོད་ཀྱི་ཡོད་པའི་གནས་སྟངས་ལ་མི་འདོད་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་གནས་ཚུལ་ཁག་ཅིག་ནང་འཁོད་འདུག་ལ་ཡང་གནས་ཚུལ་བྱུང་ཁུངས་གཞན་ཞིག་ལ་སློབ་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ས་གནས་མི་མང་ཁག་ཅིག་གིས་རྒྱབ་སྐྱོར་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ནང་དྲག་གནོན་བྱ་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་སྐད་འབོད་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག དེང་སྐབས་ཨ་མདོ་བླ་བྲང་ས་ཁུལ་ནང་དམག་མི་འཕོན་ཆེན་འགྲེམས་འཇོག་བྱས་ནས་ས་གནས་དེའི་ནང་གི་ཚོང་ཁང་སོགས་སྒོ་འབྱེད་མི་ཆོག་པའི་བཀའ་བརྒྱ་བཏང་ནས་ཚོང་པ་ཚོར་དཔལ་འབྱོར་གྱི་དོ་ཕོག་ཡོང་གི་ཡོད་པ་མ་ཟད་ས་གནས་མི་མང་ཚོར་ཡང་འཇིགས་སྣང་དང་སེམས་འཚབ་ཀྱི་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org