རྒྱ་གར་གཞུང་གིས་བོད་རིགས་དམག་མི་ཞིག་ལ་དཔའ་མཛངས་ཀྱི་གཟེངས་རྟགས་དང་ཆེ་བསྟོད་གནང་འདུག

རྒྱ་གར་གཞུང་གིས་རྒྱ་གར་གྱི་དམིགས་བསལ་མཐའ་མཚམས་དཔུང་སྡེའི་བོད་རིགས་དམག་མི་ཚེ་རིང་ནོར་བུ་ལགས་ལ་དཔའ་མཛངས་ཀྱི་གཟེངས་རྟགས་གནང་འདུག

ཉི་མ་བསྟན་འཛིན་ལགས་ཀྱི་སྐུ་ཕུང་བཞུགས་འབུལ་སྐབས་རྒྱ་གར་གྱི་དམག་མི་ཚོས་གུས་འདུད་ཞུ་བཞིན་པ། ༩།༧།༢༠ AFP

རྒྱ་གར་གྱི་དམིགས་བསལ་མཐའ་མཚམས་དཔུང་སྡེའམ་བོད་མི་དྭང་སློབ་རུ་ཁག་ཨང་༢༢པའི་དྭང་ཞབས་པ་ཉི་མ་ཚེ་རིང་ལགས་ཀྱིས་ལ་དྭགས་ཤར་ཕྱོགས་ཁུལ་དུ། རྒྱ་ནག་གི་དམག་དཔུང་ལ་རྒོལ་འཛིང་བྱས་པར་ཕྱི་ཟླ་༡ཚེས་༢༦ཉིན་རྒྱ་གར་དམངས་གཙོའི་དུས་ཆེན་ཉིན་དཔའ་ངར་ལྡན་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་གནང་ཡོད་པ་རེད། དེ་ནི་རྒྱ་གར་གཞུང་གིས་རྒྱ་གར་གྱི་དམག་དཔུང་ཁོངས་སུ་ཏོག་པའི་བོད་མིའི་དམག་སྡེ་འདིར་ཡོངས་གྲགས་ཀྱི་ངོས་འཛིན་གནང་པ་ཐོག་མ་དེ་ཡིན་པ་རྒྱ་གར་གྱི་གསར་ལམ་ཁག་ནང་གནས་ཚུལ་བཀོད་སྤེལ་བྱས་འདུག
བོད་མིའི་རྒྱ་གར་མཐའ་སྲུང་དཔུང་སྡེའི་དྭང་ཞབས་པ་ཉི་མ་ཚེ་རིང་ལགས་ཀྱིས། རྒྱ་གར་མཐའ་མཚམས་ལ་དྭགས་ཁུལ་དུ་རྒྱ་མིའི་བཙན་འཛུལ་དཔུང་དམག་ལ་ཁ་གཏད་གདོང་ལེན་བྱེད་པའི་གངས་གཟིག་གམ་(Snow Leopard Operation)གྱི་ལས་དོན་ཞེས་པ་མིང་བཏགས་པའི་འཐབ་རྒོལ་ནང་ཞུགས་པ་དང་། རྒྱ་གར་དམངས་གཙོའི་དུས་ཆེན་ཉིན་བོད་མི་དྭང་ཞབས་པ་ཉི་མ་ཚེ་རིང་ལགས་དང་མཉམ་དུ་མཐའ་སྲུང་གི་དམག་འཐབ་འདིའི་ནང་མཉམ་ཞུགས་བྱེད་མཁན་རྒྱ་གར་གྱི་དམག་མི་༥༤བཅས་པར་གཟེངས་བསྟོད་གནང་འདུག
སྤྱིར་རྒྱ་གར་གཞུང་གིས་དྭང་སློབ་དམག་སྒར་ཨང་༢༢པ་འདི་བཞིན་ཡོངས་གྲགས་མི་གནང་བར་གསང་རྒྱ་གནང་སྲོལ་ཡོད་ཀྱང་། འདས་ལོའི་ནང་རྒྱ་གར་དང་བོད་ཀྱི་མཐའ་མཚམས་ཁུལ་དུ་འཐབ་རྒོལ་བྱུང་ནས་རྒྱ་གར་དམག་མི་༢༠ཙམ་འདས་གྲོངས་སོང་ཡོད་ལ། ད་ལྟའང་ཕྱོགས་གཉིས་ཀྱི་དབར་འཁོན་འཁྲུག་ཡོང་བཞིན་ཡོད་པའི་སྐབས་འདིར། རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་པའི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྒྱལ་ཡོངས་དུས་སྟོན་གྱི་མཛད་སྒོའི་ཐོག་རྒྱ་གར་དམག་མིའི་རུ་ཁག་དང་མཉམ་བོད་པའི་དྭང་ཞབས་དཔུང་སྡེ་ཨང་༢༢ཀྱི་དྭང་ཞབས་པ་རུ་ཁག་གིས་ཀྱང་རུ་བསྒྲིག་མཉམ་བསྟར་ཞུས་ཡོད་ཅིང་། འདི་ནི་ཕྱི་ལོ་༡༩༦༢ ལོར་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧ་རུ་མཆོག་གིས་དམིགས་བསལ་དཔུང་དམག་གི་སྡེ་ཚན་དེ་ཆེད་བཙུགས་གནང་པ་ནས་བཟུང་བྱུང་མྱོང་མེད་པའི་གནས་ཚུལ་གསར་པ་ཞིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org