བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སློབ་གསོའི་སྲིད་ཇུས་ཐད་སྐྱོན་བརྗོད།

བོད་མི་ཚོར་རང་གི་ཕ་སྐད་ནང་སློབ་གཉེར་མི་ཐུབ་པ་བཟོས་འདུག་ཅེས་བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སློབ་གསོའི་སྲིད་ཇུས་ཐད་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པས་སྐྱོན་བརྗོད་བྱས་འདུག

མདོ་སྨད་ཕྱོགས་སུ་སྐད་ཡིག་རང་དབང་ཐད་ཞི་རྒོལ་སྐབས། ༢༠༡༠ བོད་འབྱོར།

བོད་མི་ཚོར་རང་གི་ཕ་སྐད་ནང་སློབ་གཉེར་མི་ཐུབ་པ་བཟོས་འདུག་ཅེས་བོད་ནང་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སློབ་གསོའི་སྲིད་ཇུས་ཐད་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པས་སྐྱོན་བརྗོད་བྱས་འདུག
ཨ་རིའི་ནང་རྟེན་གཞི་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་(Sophie Richardson)་ལགས་ཀྱིས། དེང་སང་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སློབ་གསོའི་སྲིད་ཇུས་འོག་བོད་པ་རང་ཉིད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་བྱེད་རྒྱུ་མེད་པ་བཟོས་དང་བཟོ་བཞིན་ཡོད་པ་བརྗོད་འདུག
ད་རེས་ཇེ་ཎི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༤༤་པ་དེ་ཚོགས་བཞིན་པ་སྟབས་བསྟུན། སུད་སི་གྲོང་ཁྱེར་ཇེ་ཎེ་ཝར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཆེད་ལས་མི་སྣ་གདན་ཞུས་ཀྱིས། དྲ་ལམ་བརྒྱུད་ཐད་གཏོང་གླེང་མོལ་གྱི་ལས་རིམ་འདི་ཚེས་༡༥་ཉིན་གནང་བའི་སྐབས། བགྲོ་གླེང་དེའི་ནང་མཉམ་ཞུགས་གནང་མཁན་ལྕམ་(Sophie Richardson)་ལགས་ཀྱིས། བོད་ནང་གི་སྐད་ཡིག་སློབ་གསོའི་རང་དབང་སྐོར་གླེང་བ་དང་འབྲེལ། རྒྱ་ནག་གཞུང་གིས་༡༩༦༠་ཙམ་ནས་བོད་ཀྱི་སློབ་གྲྭ་འབྲིང་བ་དང་མཐོ་རིམ་སློབ་གྲྭ་ཁག་ཏུ་རྒྱ་སྐད་ཀྱི་ཐོག་སློབ་ཁྲིད་འགོ་བཙུགས་ཡོད་པ་དེ། ད་ཆ་བོད་ཁུལ་གྱི་དམའ་རིམ་སློབ་གྲྭ་དང་སྔོན་འགྲོའི་འཛིན་གྲྭ་ཁག་ཏུ་ལག་བསྟར་བྱེད་འགོ་བཙུགས་ནས། བོད་པའི་བྱིས་པ་ཚོར་རང་གི་ཕ་སྐད་ནང་སློབ་གཉེར་བྱེད་མི་ཐུབ་པ་བཟོས་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་བཞིན་དྲ་ཐོག་གླེང་མོལ་གྱི་ལས་རིམ་དེའི་ཐོག ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལ་འགུལ་ཁང་གི་འགན་འཛིན་ཀི་རིསི་ཊ་མེན་དྲར་སི་མ་ནས་ཀྱང་། བོད་ནང་སྨྲ་བརྗོད་རང་དབང་གྱི་གནས་སྟངས་ཡག་པོ་མེད་པའི་སྐོར་གླེང་གནང་ཡོད་པ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷག་སྒྲོན་ལགས་ཀྱིས་བོད་ནང་བོད་མི་ཚོ་འདུ་འཛོམས་རང་དབང་མེད་པའི་སྐོར་གསུང་ཡོད་ཅིང་། དེ་ཡང་ཁོང་གིས་དེ་སྔ་ལོ་རྒྱུས་ཐོག་བོད་ནི་རྒྱ་ནག་གི་ཆ་ཤས་ཟེར་བ་མིན་པར་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་ནག་གཞུང་གིས་ག་དུས་ཡིན་ནའི་བོད་དེ་བརྟན་ལྷིང་དང་བདེ་འཇགས་ཡོང་ཐབས་མ་ཤེས་པའི་རྐྱེན་གྱིས་བོད་མི་ཚོར་དྲག་གནོན་དང་འདུ་འཛོམས་བྱ་རྒྱུར་རྡུང་རྡེག་དང་དམ་དྲག་བྱེད་ཀྱིན་ཡོད་པ་གསུངས་འདུག
ད་རེས་ཀྱི་བགྲོ་གླེང་དེ་བཞིན་སུད་སི་བོད་ཀྱི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་འབྲེལ་མཐུད་པ་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཐེངས་འདིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་ཕྱི་ཟླ་ ༦ ་ཚེས་ ༣༠ ་ཉིན་ནས་ཕྱི་ཟླ་ ༧ ་ཚེས་ ༢༠ ་བར་ཚོགས་ཀྱི་ཡོད་པ་དང་། ད་ལོ་རྒྱ་ནག་ཝུའུ་ཧན་ནས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཚོགས་འདུ་ཐེངས་ ༤༣ ་པ་དེ་དུས་ཐོག་ཚང་འཛོམས་ཐུབ་མེད་པར། ད་ལོ་ལྷན་ཚོགས་ཐེངས་ ༤༤ ་པའི་ཚོགས་འདུའི་འགྲོ་ལུགས་དུས་རྒྱུན་དང་མི་འདྲ་བ་གནང་དགོས་བྱུང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org