༸གོང་ས་མཆོག་སྐུ་ངལ་གསོ་དགོས་པ།
ཆོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་ཚོགས་ཆུང་ཆ་བགོས་ཀྱིས་༸གོང་ས་མཆོག་སྐུ་ངལ་གསོ་དགོས་པ་དང་། དགེ་འདུན་པ་ཚོའི་བསླབ་པ་སློབ་གཉེར་གྱི་ཐོག་གོ་བསྡུར་གནང་གི་ཡོད་པ།
-
2019-11-28 -
-
-
Your browser doesn’t support HTML5 audio
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ཆོས་བརྒྱུད་ཆེ་ཁག་བཞི་གཡུང་དྲུང་བོན་ཇོ་ནང་དང་བཅས་པའི་བླ་ཆེན་རྣམ་པ་དང་། བླ་ཆེན་གྱི་སྐུ་ཚབ་སོགས་ཆེད་དུ་བཅར་ཡོད་པ། ཆོས་ཚོགས་ཐེངས་ ༡༤ བཞུགས་སྒར་གངས་སྐྱིད་དུ་འཚོགས་ཏེ། ཆོས་ཚོགས་ཉིན་གཉིས་པ་སྤྱི་ཟླ་ ༡༡ ཚེས་ ༢༨ ཉིན་ཚོགས་ཆུང་ཁག་བགོས་ཀྱིས་༸གོང་ས་མཆོག་སྐུ་ངལ་མང་ཙམ་གསོ་དགོས་པ་དང་། བཙན་བྱོལ་ནང་དགེ་འདུན་པ་ཚོའི་བསླབ་པ་སློབ་གཉེར་གྱི་ཐོག་གོ་བསྡུར་སོགས་བྱེད་བཞིན་པ་རེད། དེ་ལ་ཚོགས་ཞུགས་པ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚུལ་ཁྲིམས་བཟང་པོ་ནས་འགྲེལ་བརྗོད་གནང་འདུག ཁོ་རང་གི་ཚོགས་ཆུང་ནང་དགོན་སྡེ་ཁག་གི་འཛིན་སྐྱོང་དང་། གྲྭ་བཙུན་གྱི་འཕྲོད་བསྟེན། རིགས་གཅིག་རྐང་འཛིན་སོགས་ཀྱི་ཐོག་གོ་བསྡུར་གནང་གི་ཡོད་ནའང་། སོ་སོའི་ངོས་ནས་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སྐུ་ངལ་གསོ་རྒྱུ་དང་། མཛད་བྲེལ་ཇེ་ཉུང་དུ་གཏོང་བར་བརྟན་བཞུགས་ནི་ཆོས་བརྒྱུད་ཁག་མཉམ་རུབ་ཀྱིས་འབུལ་ལམ་ཞུ་རྒྱུ་ལས། སྡེ་ཚན་རེ་རེ་ནས་བརྟན་བཞུགས་མང་པོ་མི་དགོས་པ་བྱ་རྒྱུ། གལ་གནད་ཆེ་ཤོས་ཁོང་གི་བཀའ་དགོངས་འོག་ཤར་བསྐྱོད་དགོས་པ་དང་། ཁོང་གི་མཛད་རྗེས་ལ་དགག་རྒྱག་ལོག་འགྲེལ་པ་ཚོར་མཐའ་གཅིག་ཏུ་གདོང་ལེན་གྱི་གྲོས་ཆོད་འཇོག་དགོས་པ། ཚོགས་ཆུང་ནང་བསམ་ཚུལ་བཏོན་པ་འགྲེལ་བརྗོད་གནང་གི་འདུག སྔ་འགྱུར་རྙིང་མའི་ཆོས་ལུགས་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས། དགེ་འདུན་པ་ཚོའི་སློབ་གཉེར་དང་། མང་ཚོགས་ཁྲོད་ནང་ཆོས་དར་སྤེལ་གྱི་ཐོག་དགོངས་ཚུལ་ཤུགས་ཆེ་ཡོང་གི་འདུག་པར་མ་ཟད། ཁ་སང་གྲོས་ཚོད་བཞག་པ་གཞིར་བཟུང་༸གོང་ས་མཆོག་གི་ཡང་སྲིད་ཕེབས་དགོས་པ་དང་། དེ་ཡང་ངོས་འཛིན་ལམ་ལུགས་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་དང་། ༸གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་དགོས་པར་དགོངས་ཚུལ་ཤུགས་ཆེ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག ཡང་བཀའ་བརྒྱུད་པའི་ཚོགས་ཞུགས་པ་བླ་མ་འཕྲིན་ལས་ལགས་ཀྱིས། ཁོང་ཚོའི་ཚོགས་ཆུང་ནང་གྲྭ་བཙུན་གྱི་འཕྲོད་བསྟེན་སྐོར་དང་། ༸གོང་ས་མཆོག་གི་ཡང་སྲིད་ཐད་གྲ་སྒྲིག་གང་དགོས་ཐད་བགྲོ་གླེང་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག ཚོགས་ཆུང་ཁག་ནང་གྲོས་གཞི་དོན་ཚན་ལྔ་བཞག་ཡོད་པ་ནི། དགོན་སྡེ་ཁག་ནང་སློབ་གཉེར་ཇི་དགེ་དང་། ཆོས་ལུགས་གཞན་དང་ནང་པའི་ཆོས་བརྒྱུད་གཞན་བཅས་སུ་མཐུན་སྒྲིལ་མཉམ་ལས་ཡར་རྒྱས་ཇི་དགེའི་སྐོར། གཞུང་ཆེན་ཁག་རིགས་གཅིག་རྐང་འཛིན་དང་། གྲྭ་བཙུན་གྱི་འཕྲོད་བསྟེན་ཇི་དགེའི་སྐོར། གྲོས་གཞིར་མ་འཁོད་པའི་གནད་དོན་གཞན་གྱི་ཐོག་གྲོས་བསྡུར་བཅས་གནང་གི་ཡོད་པ་རེད།