ཨ་རིའི་གྲོང་ཁྱེར་ཆེ་ཁག་ནང་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ།
བོད་པ་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་ཨ་རིའི་གྲོང་ཁྱེར་ཆེ་ཁག་རྣམས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་ཀྱི་ལས་འགུལ་རིམ་པ་ཞིག་སྤེལ་འདུག
-
2012-11-03 -
-
-
༄༅༎བོད་པ་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་ཨ་རིའི་གྲོང་ཁྱེར་ཆེ་ཁག་རྣམས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་ཀྱི་ལས་འགུལ་རིམ་པ་ཞིག་སྤེལ་འདུག
སྤྱི་ཟླ་༡༡ ཚེས་ ༢ ཉིན། ཨ་རིའི་མངའ་སྡེ་མི་ནི་སོ་ཀྲ་དང་ཝིསིཀོན་སིན་ནང་རྟེན་གཞི་བྱས་པའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རིའི་དབུས་ཕྱོགས་གྲོང་ཁྱེར་ཆི་ཀ་ཀོ་ ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་འགའ་ཞིག་འདུ་འཛོམས་ཀྱིས། རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང༌། ཕྱི་ཚེས་ ༢ དེ་ཛ་དྲག་གི་ལས་འགུལ་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་འདུག
སྐབས་དེར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་བོད་ནང་འཕྲལ་དུ་སྐྱོད་བཅུག་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་དཀྲོལ་དགོས་པ། རྒྱ་གཞུང་གིས་བོད་ནང་གི་ཆོས་ཕྱོགས་ཀྱི་དབུ་འཁྲིད་རྣམས་དང་རྩོམ་བྲིས་པ་། སྙན་ངག་པ། རོལ་དབྱངས་པ་དང་སྒྱུ་སྩལ་པ་སོགས་གང་བྱུང་བཙོན་བཅུག་བྱེད་རྒྱུ་དེ་མཚམས་འཇོག་བྱེད་དགོས་པ། རྒྱ་གཞུང་གིས་བོད་མི་རང་ལུས་མེར་བསྲེག་བཏང་མཁན་རྣམས་ལ་སྨ་འབེབ་བྱེད་རྒྱུ་དེ་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་བཀོད་འདུག
དེ་བཞིན་ནིའུ་ཡོག་དང་ནིའུ་ཇར་སེ་བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག ཉིན་དེར་གྲོང་ཁྱེར་ནིའིུ་ཡོག་ནང་གི་རྒྱ་ནག་གཞུང་ཚབ་མདུན་དུ་དེ་མཚུངས་ལས་འགུལ་སྤེལ་བ་དང༌། ཨ་རིའི་ནུབ་ཕྱོགས་ཀྱི་མངའ་སྡེ་ཁ་ལི་ཕོ་ནི་ཡ་སོགས་སུ་ཡང་དེ་མཚུངས་ཀྱི་ལས་འགུལ་སྤེལ་འདུག།