རྒྱ་ནག་གི་སྲིད་འཛིན་ཨ་རིའི་རྒྱལ་སར་འབྱོར་བར་ངོ་རྒོལ་གནང་བ།

ཨ་རིའི་རྒྱལ་སར་རྒྱ་ནག་གི་སྲིད་འཛིན་འབྱོར་བར་བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་མང་པོས་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ།

ཨ་རིའི་རྒྱལ་སར་རྒྱ་ནག་གི་སྲིད་འཛིན་འབྱོར་བར་བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་མང་པོས་ངོ་རྒོལ་ཤུགས་ཆེ་གནང་སྐབས། ༢༠༡༦།༣།༣༡ photo:RFA/Lhuboom RFA/lhuboom

ཨ་རིའི་རྒྱལ་སར་རྒྱ་ནག་གི་སྲིད་འཛིན་འབྱོར་བར་བོད་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་མང་པོས་ངོ་རྒོལ་ཤུགས་ཆེ་གནང་ཡོད་པ།
སྤྱི་ཟླ་༣བའི་ཚེས་༣༡་ཉིན། ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྒྱལ་སྤྱིའི་རྡུལ་ཕྲན་གོ་མཚོན་ཁྱབ་གདལ་བཀག་སྡོམ་དང་འབྲེལ་བའི་ལྷན་ཚོགས་ཚུགས་བཞིན་པའི་ཐོག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཕེབས་ནས་ཚོགས་བཞུགས་གནང་ཡོད་པ་དང་བསྟུན་ནས་ཨ་རིའི་ནང་གི་བོད་མི་དང་། རྒྱ་མི་རིགས། ཤིན་ཅིང་ཡུ་གུར་མི་རིགས་སོགས་ཀྱིས་ལྷན་ཚོགས་ཚུགས་ཡུལ་ཚོགས་ཁང་གི་ཕྱི་ནས་དགོས་འདུན་དོན་ཚན་འདྲ་མིན་གྱི་ཆེད་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།
བོད་མིའི་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་གཙོ་བོ་གྲོང་ཁྱེར་ནེའུ་ཡོག་ལ་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས། རྒྱལ་སའི་མངའ་ཁུལ་གྱི་ས་གནས་གཞོན་ནུ་ཚོགས་པ་སོགས་ཀྱིས་གཙོ་བོ་སྣེ་ཁྲིད་བྱས་འདུག་ལ་སང་ཉིན་སྤྱི་ཟླ་༤བའི་ཚེས་༡ཉིན་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཡིན་པ་རེད་འདུག
དེ་དང་སྟབས་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ལྷན་ཚོགས་སྟེང་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་དང་མཇལ་མོལ་གནང་སྐབས་བོད་ནང་གི་ད་ལྟའི་གནས་སྟངས་གླེང་སློང་གནང་དགོས་པའི་འབོད་སྐུལ་གནང་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་འགན་འཛིན་སྐུ་ཞབས་Matteo Mecacciཡིས། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ནན་བརྗོད་གནང་བ་ལྟར་། འགྲོ་བ་མིའི་ཐོབ་ཐང་ནི་མིའི་བཟང་སྤྱོད་ཙམ་མ་ཟད་འཛམ་གླིང་གི་སྲུང་སྐྱོབ་དང་བརྟན་ལྷིང་གི་དགོས་མཁོའི་ཆ་ཤས་ཤིག་ཆགས་ཡོད་སྐོར་གླེང་ཡོད། བོད་མི་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཉེ་ཆར་ཨ་མི་རི་ཀའི་གཞུང་ཙམ་མ་ཟད། ཡོ་རོབ་སྤྱི་མཐུན་དང་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་ཅིག་གིས་དེ་སྔ་བྱུང་མྱོང་མེད་པའི་བློ་འཚབ་དང་གལ་ཆེའི་སྤྱི་བསྒྲགས་ཁག་ཅིག་སྤེལ་གནང་ཡོད་པ་རེད།
ད་ལྟའི་དུས་སྐབས་འདིར་རྒྱ་ནག་གི་དཔོན་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་རྒྱ་ནག་རྒྱལ་ཡོངས་ནང་གལ་གནད་ཆེན་པོ་ཡིན་པའི་བརྡ་ལན་ཙམ་མ་ཟད། བོད་ཀྱི་དཀའ་རྙོག་དེ་ཞི་བའི་ཐོག་སེལ་དགོས་པའི་བརྡ་ལན་ཤུགས་ཆེ་གནང་དགོས་ཞེས་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་གསར་འགོད་གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ཨ་མདོ་མངའ་ཁུལ་དུ་རྡུལ་ཕྲན་གོ་མཚོན་བཟོ་བསྐྲུན་གྱི་ལས་གཞི་དང་དེས་རྐྱེན་གྱིས་མངའ་ཁུལ་གྱི་སྲུང་སྐྱོབ་དང་ཁོར་ཡུག་ལ་དོ་ཕོག་ཇི་བཟོས་སོགས་ཀྱི་གནད་དོན་སྐོར་ཡང་གླེང་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རྣམ་གཉིས་ཕྱི་ཚེས་༣༡་ཉིན་མཇལ་མོལ་གནང་རྒྱུའི་དུས་སྐབས་འདི་ནི་ཡུལ་གྲུ་གཉིས་ཀྱི་འབྲེལ་བའི་གནས་བབ་ཧ་ཅང་གི་སྡུག་པོ་དང་། ལྷག་པར་དུ་ཡུལ་གཉིས་བར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་དྲག་པོའི་དཔུང་འཇུག་བྱེད་བབ་ཀྱི་གནད་དོན་གཙོས་མི་མཐུན་པའི་གནད་དོན་མང་དག་ཅིག་ཡོད་པའི་དུས་སྐབས་དང་འཁེལ་ཡོད་པ་རེད།
ད་ཐེངས་ཀྱི་ལྷན་ཚོགས་འདིའི་ཐོག་རྩ་བའི་རྡུལ་ཕྲན་མཚོན་ཆའི་འཇིགས་སྐུལ་དང་། ཁ་ཆེའི་ལྟ་བ་འཁྲེགས་པོར་འཛིན་མཁན་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་མཁན་གཉིས་ཀའི་ཐོག་གྲོས་མོལ་གནང་རྒྱུ་ཡིན་ནའང་། གཙོ་བོ་ཞིག་ནི་བྱང་ཀོ་རི་ཡས་རྡུལ་ཕྲན་ནུས་ཤུགས་རྒྱ་སྐྱེད་བཏང་ནས་ཁྱིམ་མཚེས་དང་རྒྱལ་སྤྱིའི་གཏན་ལྷིང་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དེ་དག་འགོག་ཐབས་བཅས་ཀྱི་ཐོག་དམིགས་བསལ་འབྲེལ་ཡོད་ཚོའི་མཉམ་ཨ་རིའི་སྲིད་འཛིན་མཆོག་ནས་བཀའ་བསྡུར་གནང་རྒྱུ་ཡིན་འདུག
ལྷན་ཚོགས་ཀྱི་ཞོར་དུ་ཉི་ཧོང་དང་ལྷོ་ཀོ་རི་ཡའི་དབུ་འཁྲིད་དང་སྲིད་འཛིན་ཨོ་བྷ་མ་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།
ཡང་ཨ་རིའི་སྲིད་འཛིན་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་བའི་ནང་། ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཆིན་ཕེན་ཡང་མཉམ་ཞུགས་གནང་གི་ཡོད་དུས་། ཨ་རིའི་སྲིད་འཛིན་ནས་རྒྱ་ནག་གི་སྲིད་འཛིན་དང་ཡང་མཇལ་འཕྲད་གནང་ཏེ་། བྱང་ཀོ་རི་ཡའི་གནད་དོན་དང་། ཨ་རིའི་ངོས་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་གི་མེད་པར་ཐུགས་འཚབ་ཡོད་པའི་སྐོར་ཡང་གསུངས་རྒྱུ་ཡིན་ལུགས་བཀོད་འདུག
དེ་དང་ཕྱོགས་མཚུངས་ཨ་རི་དང་རྒྱ་ནག་གཉིས་དབར་དྲ་རྒྱའི་གསང་བ་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་གནད་དོན་དང་། རྒྱ་ནག་ནས་ལྷོ་རྒྱ་ནག་རྒྱ་མཚོས་གཙོས་མཚོ་གླིང་ཁག་གི་ཐོག་ཡང་སེ་ཁྱིམ་མཚེས་ཚོར་བསུན་བརྩེར་བཟོ་གི་ཡོད་པའི་དཀའ་རྙོག་བཅས་ཀྱི་ཐོག་ལའང་བཀའ་མོལ་གནང་ཡོད་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་དང་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org