བོད་མི་ཆབ་སྲིད་བཙོན་མ་ནོར་འཛིན་དབང་མོ་ལགས་བཙོན་ཁང་དུ་བཅར་རྡུང་མནར་གཅོད་ཀྱིས་ཡར་ལངས་མི་ཐུབ་པའི་གནས་སྟངས་འོག་ཀློད་གྲོལ་བཏང་ཡོད་འདུག

རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༢༠༢༠ལོའི་ནང་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྔོན་ལུང་སྡེ་བའི་བོད་མི་ནོར་འཛིན་དབང་མོ་ལགས་ནས། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་གླེང་སློང་དང་འབྲེལ་ནས་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་བཞིན། ཟླ་འདིའི་ཕྱི་ཚེས་༢ཉིན་ཁོ་མོ་སྐྱེ་རྒུ་མདོའི་བུད་མེད་བཙོན་ཁང་ཞིག་ནས་གློ་བུར་ཀློད་གྲོལ་བཏང་ཡོད་ཀྱང་།

RFA

རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༢༠༢༠ལོའི་ནང་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་སྔོན་ལུང་སྡེ་བའི་བོད་མི་ནོར་འཛིན་དབང་མོ་ལགས་ནས། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་གླེང་སློང་དང་འབྲེལ་ནས་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་བཞིན། ཟླ་འདིའི་ཕྱི་ཚེས་༢ཉིན་ཁོ་མོ་སྐྱེ་རྒུ་མདོའི་བུད་མེད་བཙོན་ཁང་ཞིག་ནས་གློ་བུར་ཀློད་གྲོལ་བཏང་ཡོད་ཀྱང་། བཙོན་ཁང་དུ་བཅར་རྡུང་མནར་གཅོད་ཤུགས་ཆེར་བཏང་རྐྱེན་ཡར་ལངས་མི་ཐུབ་པའི་གནས་སྟངས་འོག་ལྷུང་ཡོད་སྐོར། བཙན་བྱོལ་དུ་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་པ་ལྟར་ན། ནོར་འཛིན་དབང་མོ་ལགས་སུ་བཙོན་ཁང་དུ་བཅར་བརྡུང་གིས་གཟུགས་པོར་རྨས་སྐྱོན་མང་པོ་བཟོས་ཡོད་པ་མ་ཟད། མི་གཉིས་ནས་གཡས་གཡོན་བྱས་ཏེ་སྐྱོར་ནས་མ་སོང་བ་ཡིན་ན་འགྲོ་སྐྱོད་མི་ཐུབ་པ་དང་། ད་ལྟའི་ཆར་རང་ཁྱིམ་དུ་སྨན་བཅོས་བྱས་ཏེ་བསྡད་ཡོད་པ་ལས་ཕྱིའི་སྨན་ཁང་ཁག་ཏུ་བསྟེན་གཏུག་ཆེད་འགྲོ་བཅུག་གི་མེད་པ་མ་ཟད། ཁོ་མོའི་འགྲོ་འདུག་ཐད་མུ་མཐུད་དམ་དྲག་དང་ལྟ་རྟོག་བྱས་ཏེ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ནོར་འཛིན་དབང་མོ་ལགས་དེ་སྔ་ཕྱི་ལོ་༢༠༡༣ལོའི་ཟླ་༥ཚེས་༢༧ཉིན་ཆུ་དམར་ལེན་རྫོང་ནས་བོད་མི་གཞོན་སྐྱེས་བསྟན་འཛིན་ཤེས་རབ་ལགས་ཀྱིས་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་རྗེས། གནས་ཚུལ་དེའི་སྐོར་གླེང་སློང་བྱས་པའི་ཉེས་མིང་གཡོག་སྟེ་འཛིན་བཟུང་གིས། ཕྱི་ལོ་༢༠༢༠ཟླ་༥པའི་ནང་ཆུ་དམར་ལེབ་རྫོང་མི་དམངས་ཁྲིམས་ཁང་གིས་གསང་བའི་ཁྲིམས་ར་ཚོགས་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཉེ་སྔོན་གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོ་མོ་འཛིན་བཟུང་བྱས་པ་ནས་ནང་མི་ཚོར་ཐུག་འཕྲད་བྱེད་བཅུག་མེད་པ་རེད་འདུག
ནོར་འཛིན་དབང་མོ་ལགས་ཀྱི་སྐྱེས་ཡུལ་དངོས་དེ་ཡུལ་ཤུལ་ཁྲི་འདུ་རྫོང་སྡོམ་མདའ་ཞང་སྐར་ཆེན་སྡེ་བའི་རུ་ཆེན་དང་པོ་ནས་ཡིན་པ་དང་། ཕྱི་ལོ་༢༠༡༦ལོར་ཁོང་མོ་ཡུལ་ཤུལ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་གྲོང་རྡལ་སྔོན་ལུང་སྡེ་བའི་ནང་གནས་ལ་སོང་ཡོད་པ་དང་། ད་ལྟའི་ཆར་ཁོ་མོའི་ཤུལ་དུ་བཟའ་ཟླ་ཉི་མ་དང་བུ་ཕྲུག་གསུམ་བཅས་ཡོད་འདུག་ལ། རྒྱ་ནག་གི་དམ་དྲག་རྐྱེན་གྱིས་ཁོ་མོའི་གནས་ཚུལ་དེ་བཞིན་ལོ་གཅིག་དང་ཟླ་བརྒྱད་རིང་ཕྱི་ཕྱོགས་སུ་ཤེས་རྟོག་ཐུབ་མེད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
དྲ་ཐོག་རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། བསྟན་འཛིན་དོན་ཡོད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org