བོད་མི་ཆབ་སྲིད་བཙོན་པ་གློད་བཀྲོལ་ཐོབ་ཐབས་ཀྱི་ལས་འགུལ།

དེང་སྐབས་རྒྱ་ནག་གི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་མི་གྲངས་༨༥༠ཙམ་ཡོད་པ་དང་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་ལྟ་བུ་ཡིན་འདུག

ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མི་ཆབ་སྲིད་བཙོན་པ་གློད་བཀྲོལ་ཡོང་ཐབས་ཆེད་ལས་འགུལ་སྤེལ་བཞིན་པ། ༢༠༡༤།༥།༡༦ TID

ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་མི་ཆབ་སྲིད་བཙོན་པ་གློད་བཀྲོལ་ཐོབ་ཐབས་ཀྱི་ལས་འགུལ་ཁག་གཅིག་སྤེལ་ཡོད་འདུག
དེ་ཡང་Tibet Initiative Germanyཞེས་པའི་ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་Anna Momburg-Vanderpool ཡིས་བརྗོད་དོན། ཁོང་ཚོའི་ཚོགས་པས་དེང་སྐབས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་དང༌། རོང་རྒྱས་ཨ་གྲགས། དེ་བཞིན་ཨེ་ཙི་ནད་གཞི་འགོག་ཐབས་ཀྱི་ཕྱག་ལས་གནང་མཁན་དབང་འདུས་གསུམ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་དེར་ཡོད་རྒྱ་ནག་གཞུང་ཚབ་མདུན་སྤེལ་བཞིན་ཡོད་པ་མ་ཟད། ད་བར་ལས་འགུལ་དེར་རྒྱབ་སྐྱོར་གནང་མཁན་མི་གྲངས་ཆིག་ཁྲི་ཙམ་གྱི་ས་རྟགས་ཀྱང་བསྡུ་རུབ་བྱས་ཡོད་པ་དང་། ཡང་རྒྱ་ནག་གཞུང་གིས་བོད་ནང་གཞུང་གི་ལྟ་ཚུལ་དང་མ་མཐུན་པའི་བསམ་ཚུལ་བཏོན་མཁན་ཚོའི་ཐོག་དམ་བསྒྲགས་དང་། དྲག་གནོན་བྱས་དང་བྱེད་བཞིན་པ་ལྟར། གོང་ཞུས་བོད་མི་ཆབ་སྲིད་བཙོན་པ་གསུམ་པོ་དེ་དག་གིས་ཀྱང་བོད་ནང་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་ཙམ་ལ་བརྟེན་ནས་འཛིན་བཟུང་བཙོན་འཇུག་བྱས་པ་ནི་མ་འོས་མ་འཚམ་པ་ཞིག་ཡིན་སྟབས། ང་ཚོས་ཁོང་གསུམ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་དང༌། ཡང་ཁོང་གིས་མུ་མཐུད། དེང་སྐབས་རྒྱ་ནག་གི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་བརྒྱད་བརྒྱ་ལྔ་བཅུ་ཙམ་ཡོད་པ་མ་ཟད། བོད་མི་བརྒྱ་ཕྲག་མང་པོ་གར་སོང་ཆ་མེད་ལྟ་བུར་གྱུར་ཏེ་གནས་སྟངས་རྩད་གཅོད་ཐུབ་ཀྱི་མེད་པ་དང༌། བཙོན་འོག་ཏུ་ཡོད་པའི་བོད་མི་དེ་དག་མང་ཆེ་བ་ནི། ངོ་རྒོལ་རྔམ་སྟོན་ནང་མཉམ་ཞུགས་བྱས་པའམ། ཡང་ན་གཞུང་གི་ལྟ་ཚུལ་དང་མ་མཐུན་པའི་བསམ་ཚུལ་བཏོན་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཆགས་ཀྱི་ཡོད་སྐོར་གསུང་འདུག

གསར་འགོད་པ་ངག་དབང་ཆོས་འཕེལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org