བོད་ནང་གི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་རྭ་ཚེ་རིང་དོན་གྲུབ་ལགས་འདས་གྲོངས་སུ་ཕྱིན་འདུག
ཁོང་ནི་དེ་སྔ་སྤྱི་ལོ་༢༠༠༨་ལོའི་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་དཔེ་དེབ་གསོན་མིག་རྩོམ་སྒྲིག་དང་དཔར་བསྐྲུན་བྱས་བའི་ཉེས་མིང་འོག་རྒྱ་ནག་གི་ཉེན་རྟོག་པས་བོད་མི་བཞི་བཙོན་འཇུག་བྱས་བའི་ཁྲོད་ནས་གཅིག་ཡིན་པ་རེད།
- 2021-09-16
-
-
-
བོད་ནང་གི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་རྭ་ཚེ་རིང་དོན་གྲུབ་ལགས་འདས་གྲོངས་སུ་ཕྱིན་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་མི་ལོ་གསུམ་ལ་དུས་བཀག་བཙོན་འཇུག་བྱས་མྱོང་བའི་བོད་ནང་གི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་རྭ་ཚེ་རིང་དོན་གྲུབ་ལགས་འདི་ཚེས་༡༥་ཉིན་རྒྱ་ནག་ཁྲིན་ཏུའུ་ཡི་སྨན་ཁང་ཞིག་ནས་འདས་གྲོངས་སུ་ཕྱིན་འདུག
དེའི་ཐད་ཁོང་གི་ལས་གྲོགས་ད་ལྟ་བཙན་བྱོལ་དུ་ཡོད་པའི་སྐུ་ཞབས་དགེ་འདུན་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཁོང་ནི་དེ་སྔ་སྤྱི་ལོ་༢༠༠༨་ལོའི་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་དཔེ་དེབ་གསོན་མིག་རྩོམ་སྒྲིག་དང་དཔར་བསྐྲུན་བྱས་བའི་ཉེས་མིང་འོག་རྒྱ་ནག་གི་ཉེན་རྟོག་པས་མདོ་སྨད་རྔ་བ་ཕྱོགས་ནས་བོད་མི་བཞི་བཙོན་འཇུག་བྱས་བའི་ཁྲོད་ནས་གཅིག་ཡིན་པ་དང་། ཁོང་སྤྱི་ལོ་༢༠༡༠་ལོའི་ཟླ་༢་བའི་ནང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་རྗེས་འབར་ཁམས་ནས་བཀག་ཉར་དང་བཅས་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། དེའི་རྗེས་མེན་ཡཱང་བཙོན་ཁང་དུ་༢༠༡༣་ལོ་བར་བཙོན་འཇུག་བྱས་རྗེས་གློད་གྲོལ་བྱུང་ཡོད་ཀྱང་། དེ་ནས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་མེད་པར་གྱུར་བ་དང་། ལྷག་པར་མཆིན་པ་ནད་མནར་གྱི་རྐྱེན་པས་ཡུན་རིང་སྨན་བཅོས་བྱས་ཀྱང་ཕན་ཐོག་མ་བྱུང་བར་ཚེ་ལས་འདས་བ་རེད་ཅེས་དང་། སྤྱིར་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་བའི་བོད་མི་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་བཙོན་ཁང་དུ་གཅར་རྡུང་མནར་གཅོད་བཏང་བ་དང་། ཟས་གོས་གནས་མལ་ཡག་པོ་མ་སྤྲད་པ་སོགས་ལ་བརྟེན་གཟུགས་གཞི་སྐྱོ་བོ་ཆགས་ནས་མཆིན་པ་དང་མཁལ་མའི་ནད་གཞི་ཕོག་པའི་གནས་ཚུལ་མང་པོ་ཡོང་བཞིན་པ་སོགས་འགྲེལ་བརྗོད་གནང་བྱུང་།
ད་དུང་གནས་ཚུལ་ངོ་སྤྲོད་པས་གསུངས་ན། གསོན་མིག་དུས་དེབ་ནང་ཁོང་གིས་བརྗེད་མི་ཐུབ་པའི་སྐད་ཆ་ཞིག་དང་དེ་འབྲེལ་གྱི་དྲན་ཚུལ་ཕྲན་བུ་དང་། འཇིགས་རུང་གི་མནར་གཅོད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། མི་མང་སྲིད་གཞུང་སོགས་༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་པོ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོད་བརྗོད་སོགས་ཀྱི་རྩོམ་ཡིག་སྤེལ་ཡོད་པ་མ་ཟད། ཁོང་བཙོན་གྲོལ་བྱུང་བའི་རྗེས་མུ་མཐུད་དུ་ལྟ་རྟོགས་ཡོད་མིན་ལ་མ་བལྟོས་བར་ཁོང་གིས་བཙོན་ཁང་ནས་བྲིས་བའི་རྩོམ་ཡིག་གི་གཙོས་རྔུལ་ཁྲག་ཞེས་བའི་རྩོམ་དེབ་ཞིག་ཀྱང་རྩོམ་བྲིས་དཔར་བསྐྲུན་བྱས་ཡོད་འདུག
དེའི་ཐད་བཞུགས་སྒར་རྡ་རམ་སཱ་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས། ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་གྲུབ་ལགས་དེ་སྔ་བཙོན་ཁང་ནང་མནར་གཅོད་བཏང་བ་དང་སྨན་བཅོས་མ་རག་པ་སོགས་ལ་བརྟེན་རྗེས་སུ་ཡུན་རིང་སྨན་བཅོས་བྱས་ཀྱང་ཕན་ཐོག་མ་བྱུང་བར་འདས་གྲོངས་སུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
འདས་གྲོངས་སུ་ཕྱིན་མ་ཐག་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་ཁོང་གི་དངོས་མིང་ལ་རྭ་ཚེ་རིང་དོན་གྲུབ་དང་སྙུག་མིང་ལ་ཤིང་ལོ་དམར་པོ་འབོད་ཀྱི་ཡོད་པ་དང་། མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་རོང་ཐ་དགོན་པའི་དགེ་འདུན་པ་ཡིན་འདུག་ལ་སྐུ་གྲོངས་ཁར་དགུང་ལོ་༣༤་ཙམ་ཡིན་འདུག
གསར་འགོད་པ། ཀླུ་འབུམ། ཨྱོན་བསྟན་འཛིན།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།