རྒྱ་དཀར་ནག་གཉིས་ཀྱི་བརྟན་ལྷིང་གནས་རྒྱུ་ཤིན་ཏུ་གལ་ཆེ།
བཀའ་ཁྲི་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་བརྟན་ལྷིང་ནི་འཛམ་གླིང་ཞི་བདེར་གནས་རྒྱུར་ཤིན་ཏུ་གལ་གནད་ཆེ་བ་ཡིན་སྐོར་གསུངས་འདུག
-
2009-10-19 -
-
-
༄༅༎རྒྱ་དཀར་ནག་གཉིས་ཀྱི་བརྟན་ལྷིང་ནི་ཨེ་ཤེ་ཡ་དང་འཛམ་གླིང་ཞི་བདེར་གནས་རྒྱུར་ཤིན་ཏུ་གལ་གནད་ཆེ་བ་ཡིན་སྐོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་གནང་འདུག
བཙན་བྱོལ་བོད་གཞུང་གི་མི་མང་གི་ཐད་ཀར་འོས་འདེམས་གནང་བའི་ཆབ་སྲིད་དབུ་ཁྲིད་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་གར་གྱི་གུཇ་རཏ་མངའ་སྡེའི་གྲོང་ཁྱེར་ཨེམ་རྡ་སྦའརྡེ་རུ་ཆགས་པའི་གུང་རཏ་ལྦིརྡ་ཡ་པིཐ་ཞེས་པའི་གྲགས་ཅན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་གཉེར་ཐོན་པར་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་ཐེངས་༥༦པའི་ཐོག་གསུང་བཤད་གནང་འདུག
གུཇ་རཏ་ལྦིརྡ་ཡ་པཐ་ཞེས་པའི་གྲགས་ཅན་གཙུག་ལག་སློབ་གྲྭ་ཆེན་མོ་དེ་ནི་མེས་པོ་དམ་པ་མཱ་ཧཏ་མ་གྷན་རྡི་ཡིས་ཆེད་བཙུགས་གནང་ཏེ་དབྱིན་ཇིའི་དབང་བསྒྱུར་འོག་ནས་རང་བཙན་འཐབ་རྩོད་ཀྱི་ཞི་བའི་ལས་འགུལ་བར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུར་དམིགས་པ་ཞིག་ཡིན་ཡང་དེང་རྒྱ་གར་ནང་གཙུག་ལག་སློབ་གྲྭ་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་རེད། ཉེ་ལམ་རྒྱ་ནག་གཞུང་གིས་འཛམ་གླིང་ནང་བཙན་ཤེད་ཇེ་ཆེར་གཏོང་བཞིན་པ་དེ་ལྟར་ཡང་རྒྱ་དཀར་ནག་གཉིས་དབར་ཛ་དྲག་གནས་སྟངས་རྒྱུན་རིང་མི་གནས་པའི་ཐུགས་རེ་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་གསུངས་གནང་འདུག ཡང་རྒྱ་བོད་གཉིས་ཀྱི་དཀའ་རྙོག་འཚེ་མེད་ཞི་བ་དང་དབུ་མའི་ལམ་གྱི་ཐབས་ལམ་ལ་བརྟེན་ནས་སེལ་ཐབས་གནང་རྒྱུར་ཡིད་ཆེས་བརྟན་པོ་ཡོད་སྐོར་གསུངས་པ་མ་ཟད་འཚེ་བ་ལ་བརྟེན་ན་མཇུག་འབྲས་བཟང་པོ་ཡོང་གི་མེད་པ་དང་དཔེ་མཚོན་དུ་ཤྲི་ལང་ཀ་དང་ཨི་སི་རེལ། པེ་ལེསི་ཀྲིན། ཨི་རག་ ཨཕ་ག་ནི་སི་ཐན་སོགས་འཇོག་གནང་མཛད་འདུག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་ཡོང་ཐབས་སུ་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནར་བརྟེན་རྒྱུ་ཡིན་སྐོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་ནན་བརྗོད་གནང་འདུག།