བོད་མདོ་དབུས་མཐོ་སྒང་དུ་ཚ་དྲོད་ཇེ་ཆེར་འགྲོ་བཞིན་ཡོད་པ་ཞིབ་འཇུག་སྙན་ཐོའི་ནང་གསལ་སྟོན་བྱས་འདུག

AP

ཕྱི་ཟླ་ ༨ ཚེས་ ༡༨ ཉིན་ལྷ་ས་གྲོང་ཁྱེར་དུ་རྒྱ་ནག་རྒྱལ་ཡོངས་ཀྱི་གནམ་གཤིས་ཉམས་ཞིབ་ཀྱི་སྙན་ཐོའི་ཞིག་འདོན་བྱས་ཡོད་པའི་ནང་།  ཨེ་ཤེ་ཡའི་ཆུ་ཡི་མཁར་རྫོང་ཞེས་གྲགས་པའི་བོད་མདོ་དབུས་མཐོ་སྒང་དེ་བཞིན། གོ་ལའི་ཚ་དྲོད་འཕེལ་བཞིན་པའི་ཤུགས་རྐྱེན་འོག་ཚ་དྲོད་དང་། རླན་གཤེར།  སྔོ་ལྗང་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། བོད་ནང་གི་འགྱུར་ལྡོག་དེས་རྒྱ་ནག་ནང་གི་གནམ་གཤིས་ལའང་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་གསལ་སྟོན་གནང་འདུག

མདོ་དབུས་མཐོ་སྒང་གི་ཚན་རིག་སྐོར་གྱི་ཞིབ་འཇུག་ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༡༧ ཟླ་ ༨  ཚེས་ ༡༩ ཉིན་འགོ་འཛུགས་བྱས་ཡོད་པ་དང་། མཚོ་བོད་མཐོ་སྒང་ཡོངས་ལ་ཁྱབ་པའི་ཚན་རིག་ཞིབ་འཇུག་གི་ཆེད་དུ་མདོ་དབུས་མཐོ་སྒང་དུ་སྐོར་ཞིབ་རུ་ཁག་ ༢༦༠༠ ཞིག་བཀོད་སྒྲིག་གིས་ཆེད་ལས་པ་མི་གྲངས་༢༨༠༠ ལྷག་མཉམ་ཞུགས་ཀྱིས་ཚན་རིག་གི་རྟོག་ཞིབ་འགྲུལ་བཞུད་འདིའི་སྐབས་འཁྱག་རོམས་གཅིག་དང་། མཚོ་གཉིས། གཙང་པོ་གསུམ་ལ་གཞི་བཅོལ་པའི་མདོ་དབུས་མཐོ་སྒང་ལ་ཞིབ་འཇུག་བྱས་ཡོད་པ་གྲགས་འདུག

འདས་པའི་ལོ་ངོ་བཅོ་ལྔའི་རིང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་ལ་སྤྱིའི་ཆ་ནས་ཡར་རྒྱས་ཀྱི་རྣམ་པ་མངོན་གསལ་དོད་པོ་བྱུང་ཡོད་པ་སྟེ། སྤང་ལྗོངས་དང་ནགས་ཚལ་སྤུས་ལེགས་ཀྱི་ས་ཆའི་བརྒྱ་ཆ་དེ་རིམ་པ་བཞིན་བརྒྱ་ཆ་ ༦ དང་བརྒྱ་ཆ་ ༡༢ ལ་འཕར་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ས་ཁུལ་དེའི་ཆུའི་སྲུང་སྐྱོབ་དང་། ས་འཛིན་འགོག་སྲུང་། རླུང་འགོག་སྲུང་སྐྱོབ། བྱེ་མའི་གནས་འཇོག་བཅས་ཀྱི་ནུས་པ་བརྒྱ་ཆ་ ༡ དང་། ༢ དང་། ༧༠ བཅས་སོ་སོར་འཕར་ཡོད་པ་བརྗོད་འདུག

བོད་ནང་གི་ཁོར་ཡུག་ཉམས་ཞིབ་པ་དང་། ཆུའི་གནད་དོན་ཐད་ཀྱི་ཁྱད་ལས་པ་ཚོས།  གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་བོད་ས་མཐོའི་འཁྱག་རོམ་རྣམས་བཞུས་བས་རང་བྱུང་ཁམས་ལ་་གནོད་འཚེ་འགྲོ་བཞིན་པའི་ཁར།   བོད་ནང་དུ་འཛུགས་སྐྲུན་གྱི་ལས་གཞི་ཤུགས་ཆེ་སྤེལ་པ་དང་།  ཆུ་བོ་ཁག་ཏུ་ཆུ་རགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་ཏེ།  བོད་ནང་གི་སྣོད་བཅུད་ལ་དོ་ཕོག་ཤུགས་ཆེ་བཏང་པ་དཔེར་ན། རྨ་ཆུ་དང་། འབྲི་ཆུ་སོགས་སུ་ཆུ་རགས་ཀྱི་ལས་གཞི་སྣེ་མང་སྤེལ་བ་འདིས་བོད་ཀྱི་ཡུལ་ཁམས་ལ་གནོད་སྐྱོན་ཕོག་གི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། ཚེ་དབང་ནོར་བུ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org