བོད་ནང་གི་བོད་མི་ཚོ་ནི་བོད་ཀྱི་དོན་གྱི་བདག་པོ་རེད་གསུངས་བ།
༧གོང་ས་མཆོག་གིས་རྒྱ་གཞུང་གི་ལས་བྱེད་ཁག་གཅིག་བསམ་བློ་གུ་དོག་པོ་ཡོད་ཀྱང་རྒྱ་མི་རིཊ་དང་མཉམ་དུ་འཆམ་མཐུན་བྱེད་དགོས་བ་གསུངས་འདུག
-
2016-11-30 -
-
-
Your browser doesn’t support HTML5 audio
༧གོང་ས་མཆོག་གིས་རྒྱ་གཞུང་གི་ལས་བྱེད་ཁག་གཅིག་བསམ་བློ་གུ་དོག་པོ་ཡོད་ཀྱང་རྒྱ་མི་རིགས་དང་མཉམ་དུ་འཆམ་མཐུན་བྱེད་དགོས་བ་གསུངས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་བའི་གནས་ཚུལ་ལྟར་ན། སྤྱི་ཟླ་བཅུ་གཅིག་པའི་ཚེས་༣༠་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་ཕེབས་པའི་བོད་མི་མི་གྲངས་ཆིག་སྟོང་ཙམ་ལ་དམིགས་བསལ་མཇལ་ཁ་དང་ཆོས་འབྲེལ་གནང་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་གསུང་དོན། དེ་རིང་འདིར་བོད་ནས་ཆེད་དུ་གནས་སྐོར་དང་གཉེན་འཕྲད་ལ་ཡོང་བསྡད་པ། ཁྱེད་རང་ཚོ་ཁ་ཤས་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ལ་བསྡད་ཐུབ་ཀྱི་ཡོད་པ་རེད། དེ་རིང་ཁ་སང་བོད་ནང་ནས་ཚུར་ཡོང་མཁན་ཚོར་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག དེར་བརྟེན་ཁག་ཅིག་དུས་འཁོར་དབང་ཆེན་ལ་བསྡད་མ་ཐུབ་ནས་ཕར་ལོག་འགྲོ་དགོས་ཀྱི་ཡོད་པ་རེད། དེར་བརྟེན། དེ་རིང་ཁྱེད་རང་ཚོ་མང་པོ་ཞིག་འཛོམས་ཡོད་དུས་ཆོས་འབྲེལ་ཞིག་བྱས་ན་བསམ་པ་དྲན་བྱུང་། དེ་རིང་ཁ་སང་སངས་རྒྱས་བའི་ཆོས་རིག་པའི་ལམ་ནས་གཏན་ལ་ཕབ་མཁན་དེ་བོད་གཅིག་པོ་མ་གཏོགས་མི་འདུག དེ་སྔ་ང་ཚོའི་བོད་ལ་ང་ཚོ་མི་སྐྱ་རེད་དཔེ་ཆ་བལྟ་དགོས་བ་མ་རེད་ཟེར་བ་སོགས་ནོར་འཁྲུལ་རེད། ལྷག་པར་དུ་ཆོས་ལ་སྐྱབས་སུ་མཆིས་ཞེས་ཕྱག་འཚལ་སའི་ཡུལ་ཙམ་ལ་བརྩིས་ནས་མ་བསྡད་པར་སློབ་སྦྱོང་བྱེད་དགོས་བའི་ནན་སྐུལ་གནང་འདུག
དེ་བཞིན་ཡང་༧གོང་ས་མཆོག་གིས་བོད་རྒྱའི་གནད་དོན་སྐོར་གསུངས་དོན། བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་དམངས་ཚོ་ནི་བོད་ཀྱི་དོན་གྱི་བདག་པོ་རེད། ད་ཐེངས་འདིར་ཁྱོད་རང་ཚོར་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ཡོད་རེད། ཉེན་ཁ་ཡང་ཆེན་པོ་འཕྲད་ཡོད་རེད། བར་སྐབས་དམ་དྲག་ཞེ་དྲག་བྱེད་ཀྱི་འདུག དངོས་གནས་བྱས་ན་ངས་ཁ་བྲལ་བཤད་ཀྱི་ཡོད་མ་རེད། ང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྡོད་ཀྱི་ཡིན་ལབ་ཀྱི་ཡོད། རེད་དེ། རྒྱ་ནག་གཞུང་གིས་ད་དུང་ཏཱ་ལའི་བླ་མ་ཁ་བྲལ་བ་རེད་ཅེས་མུ་མཐུད་ནས་བཤད་ཀྱི་འདུག དེ་དངོས་གནས་བྱས་ན་རྫུན་རེད། ངས་ཁ་བྲལ་རྩོད་ཀྱི་མེད། ང་ཚོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་པ་ཡིན་དུས་ང་ཚོ་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་པོ་འགྲོ་ཐུབ་ཀྱི་རེད། ང་ཚོའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཐུན་མོང་མ་ཡིན་པ་རྣམས་ང་ཚོས་བདག་པོ་རྒྱག་རྒྱུའི་དབང་ཆ་དང་ཐོབ་ཐང་རྩ་ཁྲིམས་ནང་ཡོད་པ་དེ་ཆ་ཚང་ཞིག་ལག་ལེན་དུ་ཁེལ་བ་བྱུང་ན་གཉིས་ཕན་རེད། བོད་རྒྱལ་རྒྱ་ཕམ་དང་རྒྱ་རྒྱལ་བོད་ཕམ་མིན་པར། བོད་རྒྱལ་རྒྱ་རྒྱལ་བྱུང་ན་ཡག་པོ་འདུག ད་ལྟ་ང་ཚོས་འདི་ནས་བཏོན་པའི་དབུ་མའི་ལམ་གྱི་སྲིད་ཇུས་ཞེས་པ་དེ་རེད། ཁྱེད་རང་ཚོ་ཚང་མ་སེམས་ཤུགས་མ་ཆག་པ་བྱོས། ང་བོད་མི་ཞིག་ཡིན་བསམ་པའི་ཐོག་ནས་སེམས་ལ་སྤོབས་པ་སྐྱེས་དགོས། སྤོབས་པ་སྐྱེས་ནས་ང་ཚོས་མི་བསད། རྐུན་མ་བྱེད་རྒྱུ་དེ་འདྲ་མིན་པ་བྱོས། ང་ཚོས་ཞི་བདེ། བྱམས་བརྩེ། ཡ་རབས་དང་ལྡན་པ་བྱེད་དགོས། རྒྱ་གཞུང་གི་ལས་བྱེད་ཁག་གཅིག་སེམས་བློ་གུ་དོག་པོ་ཡོད་ཀྱང་རྒྱ་མི་རིགས་དང་མཉམ་དུ་འཆམ་མཐུན་བྱེད་དགོས་བ་བོད་མི་ཚོར་ནན་གསུངས་གནང་འདུག
དེའི་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་སྐབས། སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་བ་དང་ཆབས་གཅིག་མ་ཎི་དང་། ཐུབ་པའི་མཚན་སྔགས། འཇམ་དཔལ་དབྱངས་ཀྱི་མཚན་སྔགས། སྒྲོལ་མའི་མཚན་སྔགས་སོགས་ཀྱི་ལྗགས་ལུང་ཡང་གནང་རྗེས་བོད་ནས་ཕེབས་པའི་བོད་མི་རེ་རེ་བཞིན་དམིགས་བསལ་མཇལ་ཁ་དང་བྱིན་རྫས་བཅས་གནང་འདུག
གསར་འགོད་པ་ལྕགས་མོ་འཚོ་དང་། ཀླུ་འབུམ།