སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དབར་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་སེལ་ཐབས་སླད་ནང་མོལ་ཚོགས་འདུ་ཚོགས་བཞིན་པ།
ཉིན་གཉིས་རིང་གི་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ། ད་བར་གྲོས་ཚོགས་ཚོགས་མ་ཐུབ་པའི་དཀའ་ངལ་དང་། ཚོགས་གཙོ་ཚོགས་གཞོན་འོས་འདེམས་མ་ཐུབ་པའི་དཀའ་ངལ་སོགས་ཀྱི་ཐད་གྲོས་བསྡུར་གནང་རྒྱུ་ཡིན་འདུག
- 2021-09-27
-
-
-
Your browser doesn’t support HTML5 audio
ཚོགས་དྲུང་ལས་ཁུངས་ནས་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཁག་གཉིས་སུ་དབྱེ་སྟེ་གནང་བའི་རྐྱེན་གྱིས་གྲོས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་མ་ཐུབ་པ་དང་། གྲོས་ཚོགས་འཚོགས་མ་ཐུབ་པ། བཀའ་བློན་འོས་འདེམས་བྱེད་མ་ཐུབ་སོགས་ཀྱི་དཀའ་ངལ་དེ་སེལ་སླད་ཕྱི་རྒྱལ་བདམས་ཐོན་སྤྱི་འཐུས་ལྔ་ནས་རེ་འདུན་དང་གོ་སྒྲིག་འོག་༢༠༢༡ ལོའི་སྤྱི་ཟླ་ ༩ ཚེས་ ༢༧ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སྐབས་༡༧ པའི་བདམས་ཐོན་སྤྱི་འཐུས་རྣམ་པའི་དབར་ཉིན་གཉིས་རིང་གི་ནང་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་སྟེ། ད་རེས་ནང་ཁུལ་ཚོགས་འདུའི་སྐབས་ཉིན་དང་པོར་ད་ལྟའི་དཀའ་རྙོག་དང་འབྲེལ་བའི་ཐོག་ལ་གྲོས་བསྡུར་དང་ཐམས་ལམ་ཇི་ཡོད་སྤུང་རྒྱུ། ཉིན་གཉིས་པར། ཐབས་ལམ་རྣམ་ཕྱོགས་བསྡུས་ཀྱི་གྲོས་ཆོད་འཇོག་རྒྱུ་བཅས་ཡིན་འདུག འདིའི་ཐད་ལ་ཚོགས་འདུ་གོ་སྒྲིག་པ་ཕྱི་རྒྱལ་བདམས་ཐོན་སྤྱི་འཐུས་ལྔའི་ཁྲོད་ནས་བྱང་ཨ་རིའི་བདམས་ཐོན་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་སུ་བཅའ་འདྲི་ཞུ་སྐབས་ནང་མོལ་ཚོགས་བསྡུ་མཇུག་མ་བསྒྲིལ་པར་སྒེར་སོ་སོས་ནས་སྤྱི་ཚོགས་དྲ་རྒྱ་དང་། བརྒྱུད་ལམ་ཁག་ལ་གང་བྱུང་བཤད་ཐལ་མི་ཆོག་པའི་ཐག་གཅོད་བྱུང་བ་གཞིར་བཟུང་གང་ཡང་གསུངས་རྒྱུ་མེན་པ་འགྲེལ་བརྗོད་གནང་གི་འདུག ཕྱོགས་མཚུངས་བདམས་ཐོན་སྤྱི་འཐུས་གཞན་ཁག་ཅིག་ལ་ཡང་བཅའ་འདྲི་ཞུས་ཀྱང་སྤྱི་མཚུངས་གང་ཡང་གསུང་རྒྱུ་མེད་པ་གུསང་གནང་གི་འདུག
ནང་ཁུལ་བཞུགས་མོལ་སྐབས་གཙོ་སྐྱོང་གནང་མཁན་གཉིས་དང་ཚིག་ཐོ་བཀོད་མཁན་ཚོགས་དྲུང་སོགས་ནང་ཁུལ་བསྐོ་བཞག་གནང་ཡོད་འདུག ནང་མོལ་ཚོགས་འདུའི་སྐབས་སྲུང་བརྩི་དགོས་པའི་སྒྲིག་ལམ་ཁག་ཅིག་གཏན་འདེབས་གནང་ཡོད་པའི་ནང་གསལ་བཀའ་མོལ་གནང་དགོས་བྱུང་རིགས་ནས་ཕྱག་བརྐྱང་ནས་ཏེ་གཙོ་སྐྱོང་བར་བརྡ་སྟོན་ཞུས་པར་མིང་འབོད་བྱུང་མཚམས་གཞི་ནས་བཀའ་མོལ་གནང་དགོས་པ་། གཞན་གྱིས་བཀའ་མོལ་གང་གསུངས་པ་རྣམས་གསན་དགོས་པ་དང་། སོ་སོའི་འདོད་མོས་དང་མཐུན་མིན་བྱུང་ཚེ། ཚོགས་ཁང་ནས་ཕྱིར་ཐོན་པའམ་རྣམ་འགྱུར་ངན་པའི་རིགས་སྟོན་མི་ཆོག་པ། གྲོས་གཞི་དང་འབྲེལ་བ་ཡོད་པ་ལས་གཞན་གང་བྱུང་བཤད་མི་ཆོག་པ། སྒྲ་འཇུག་དགོས་པའི་གྲོས་བསྡུར་བྱང་ན་ལས་སྒེར་སོ་སོ་ནས་སྒྲ་འཇུག་དང་། བརྙན་པར་རིགས་གཏན་ནས་བྱ་མི་ཆོག་ཞེས་འཁོད་པའི་ནང་མོལ་ཡིག་ཆ་ཞིག་འདུག
ཤེས་རྟོགས་བྱུང་བར་གཞིགས་ན་ད་རེས་ནང་མོལ་ཚོགས་འདུ་འདིའི་ནང་ཨོ་ཊལ་ཨ་ཤི་ཡ་བདམས་ཐོན་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཕུད་པའི་བདམས་ཐོན་སྤྱི་འཐུས་༤༤ ནས་ཚོགས་བཅར་ཞུས་ཡོད་ཚོད་འདུག་ལ། བསྟན་འཛིན་ཕུན་ཚོགས་ལགས་འདི་ཚེས་༣༠ རེ་གཟའ་ཕུར་བའི་ཉིན་བཞུགས་སྒར་རྡ་རམ་ས་ལར་འབྱོར་འཆར་ཡོད་པ་རེད་འདུག། སྐབས་དེར་ཉིན་གཉིས་ཀྱི་ནང་མོལ་ཚོགས་འདུ་དེ་མཇུག་སྒྲིལ་ཚར་གྱི་ཡོད་པ་རེད།