ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་བརྣམ་ཕེབས་པའི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་སྙན་ཐོར་ད་རེས་གྲོས་ཚོགས་ནང་མང་མོས་ཀྱིས་རྒྱབ་བསྐྱོར་ཐོབ་སྲིད་པ་སྤྱི་འཐུས་ཁག་ཅིག་གིས་ཚོད་དཔག་གནང་གི་འདུག

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་བ།

སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༩ པའི་ཚེས་༡༩ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་འགོ་འཛུགས་གནང་པ།

སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༩ པའི་ཚེས་༡༩ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་འགོ་འཛུགས་གནང་སྟེ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་བའི་སྐབས། གྲོས་ཚོགས་ཀྱི་ལས་དོན་ཁག་ཚག་ཚུད་ཡོང་བར་སྤྱི་འཐུས་ཚང་མས་གྲོགས་ཚོགས་ནང་ཆ་ཤས་ལེན་སྟངས་ལ་རག་ལས་ཡོད་པ་མ་ཟད། སྤྱི་འཐུས་ཚོས་རྒྱུན་དུ་ལས་དོན་གཉེར་བའི་སྐབས། གཅིག་ནི་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་རྒྱུ་དང་། གཉིས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ནུས་ཤུགས་གོང་འཕེལ་གཏང་རྒྱུ་། གསུམ་ནི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་ཞུ་བསྐུལ་གནང་རྒྱུ་བཅས་གཙོ་བཟུང་གནང་དགོས་པ་གལ་ཆེ་ཡིན་པ་གསུངས་ཤིང་། ད་སྐབས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པར་བརྟེན། སྤྱི་འཐུས་ཚང་མས་གོ་སྐབས་དམ་འཛིན་དང་འབྲེལ་བའི་ནུས་པ་མཉམ་སྤུངས་བྱེད་དགོས་པ་དང།་ རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཟུར་དུ་བཞག་ནས་རྒྱལ་སྤྱིའི་སྟེང་འདྲ་མཉམ་ཟེར་བ་ཞིག་གླེང་རྒྱུའི་ཐོབ་ཐང་མེད་ཅེས་གསུངས་གནང་སོང་། 

ད་རེས་གྲོས་ཚོགས་ཚོགས་དུས་དྲུག་པ་འདི་ནི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྤྱི་ལོ་༢༠༢༢ ཟླ་༤ པའི་ཚེས་༡ ནས་༢༠༢༣ ལོའི་སྤྱི་ཟླ་༣ པའི་ཚེས་༣༡ བར་གྱི་ལོ་འཁོར་ལས་བསྡོབས་སྙན་སྒྲོན་ཞུ་རྒྱུ་དང་། སྤྱི་ཡོངས་བགྲོ་གླེང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྒྱུ་བཅས་ཡིན་པ་མ་ཟད། ད་རེས་ཚོགས་འདུའི་ཐོག་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བསྐོ་བཞག་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་གནང་ཐུབ་པའི་རེ་བ་ཡོད་པ་སྤྱི་འཐུས་ཁག་ཅིག་གིས་དགོངས་ཚུལ་གསུངས་བྱུང་།

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ནི། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་མི་ཡིན་པ་དང་། ཁོང་གིས། ཚོགས་ཆུང་ངོས་ནས་ད་བར་ལས་ཀ་ཧུར་ཐག་བྱས་ཏེ། ད་ཆ་ལས་དོན་ཡོངས་རྫོགས་མཇུག་སྒྲིལ་ཟིན་ཡོད་པ་དང་། ཚོགས་ཆུང་གི་སྙན་ཐོ་དེ་གྲོས་ཚོགས་ནང་གཏོང་དགོས་མིན་ནི་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་ཐག་གཅོད་གནང་གི་རེད་ཅེས་གསུངས་གནང་སོང་། 

ཡང་སྐབས་དེར་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས། གྲོས་ཚོགས་ཚོགས་དུས་དྲུག་པ་དང་འབྲེལ་བའི་ལས་རིམ་ཆ་ཚང་བང་སྒྲིག་ཟིན་ཡོད་ཀྱང་། གལ་ཏེ་ལས་རིམ་འགྲོ་བཞིན་པའི་སྐབས་སུ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་སླེབས་པ་ཡིན་ན། སྐབས་དེ་དུས་གོ་བསྡུར་གནང་སྟེ་ཐག་གཅོད་གནང་རྒྱུ་ཡིན་པ་གསུངས་ཤིང་། འོན་ཀྱང་། མཐར་ཐུག་དེར་བཅར་ཁྲིམས་བསྐྱར་བཅོས་གནང་ཐུབ་མིན་ནི་སྤྱི་འཐུས་ཚོའི་རྣམ་དཔྱོད་ལ་རག་ལས་ཡོད་པ་འགྲེལ་བརྗོད་གནང་བྱུང་། 

གཞི་རྩའི་ཆ་ནས་སྐབས་༡༦ བོད་མི་མང་སྤྱི་འཐུས་་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་གྲོད་ཆོད་ཡིག་ཆ་ཨང་༣༩པ་བཞག་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་སྡེབ་གཅིག་ཏུ་གནས་འབྱུང་བཏང་བའི་རྗེས། ད་བར་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དོན་ཚན་ཁག་ཅིག་གཏན་འབེབས་གནང་མ་ཐུབ་པའི་གནས་སུ་གྱུར་ཡོད་པ་མ་ཟད། ད་སྐབས་བོད་་མིའི་སྒྲིག་འཛུགས་ཀྱི་འདམས་ཐོན་མཛད་གཙོ་རྣམ་པའི་དམ་བཅའ་ཕུལ་ས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། སྐབས་༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོད་ཆོད་དགོངས་དོན་བཞིན། ཚོགས་གཙོ་སྦྲེལ་པོས་ཆོལ་ཁ་གསུམ་ནས་སྤྱི་འཐུས་རེ་རེ་དང་། ཆོས་བརྒྱུད་ནས་སྤྱི་འཐུས་གཅིག ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་གཅིག་བཅས་ཚོགས་མི་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཞིག་དེ་སྔོན་ཆེད་འཛུགས་གནང་སྟེ། ཚོགས་ཆུང་ངོས་ནས་ད་བར་བོད་མིའི་ཚོགས་སྒེར་ཁག་ནས་་ཁྲིམས་སྒྲིག་བསྐྱར་བཅོས་དང་འབྲེལ་བའི་དགོངས་ཚུལ་ཁག་བསྡུ་ལེན་གྱིས། ད་ཆ་ལས་དོན་ཆ་ཚང་མཇུག་སྒྲིལ་ཟིན་ཡོད་འདུག

ཡང་གནད་དོན་དེ་དང་འབྲེལ་བའི་སྐོར་བོད་མི་མང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་སྤྱི་མོས་ཀྱི་ཐོག་ནས་ད་རེས་གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་ལས་བསྡོམས་འཁྱེར་སླེབས་པ་ཡིན་ན། ཏན་ཏན་འགྲོ་ཡི་རེད་ཅེས་འགྲེལ་བརྗོད་གནང་བྱུང་།  གཞན་ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་དོན་ཁག་ལམ་ལྷོང་ཡོང་བར་ཚང་མས་ཤུགས་གནོན་རྒྱབ་་དགོས་པ་མ་ཟད། བཅའ་ཁྲིམས་བསྐྱར་བཅོས་ངེས་པར་དུ་བྱེད་དགོས་པ་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་། 

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་གི་ངོས་ནས་གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་དགོངས་ཚུལ་གསུང་ཐུབ་པ་ལས། དེ་མིན་ཁྲིམས་སྒྲིག་གཏན་འབེབས་གནང་རྒྱུའི་སྐུ་དབང་ཡོངས་རྫོགས་སྤྱི་འཐུས་ཚོ་ལ་ཡོད་ལ། བཀའ་ཤག་གིས་བཅའ་ཁྲིམས་བསྐྱར་བཅོས་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ངོས་འཛིན་གནང་གི་ཡོད་ཅེས་གསུངས་བྱུང་། 

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅུ་གཅིག་གི་ནང་གསེས་དང་པོའི་ནང་། བཅའ་ཁྲིམས་འདིའི་སྔོན་གླེང་དང༌། ལེའུ་དང་པོའི་དོན་ཚན་དང་པོ་དང་གསུམ་པ། བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཡོངས་རྫོགས་ཕུད། དེ་མིན་དོན་ཚན་གང་རུང་ལ་སྣོན་འཕྲི་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་འཆར་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་བཀོད་པའི་ཁྲིམས་ཡིག་གི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ་ཞེས་འཁོད་ཡོད་པ་རེད།

 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org