གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ཁྲིམས་ཞིབ་པ་ཆེ་བ་འོས་འདེམས་གནང་རྒྱུ་རེད།

གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ཁྲིམས་ཞིབ་པ་ཆེ་བ་དང་། འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་བཅས་འོས་འདེམས་གནང་རྒྱུ་ཡིན་འདུག

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པ། ༢༠༡༩།༣།༢༥ RFA

རིང་མིན་ཚོགས་ལ་ཉེ་བའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་ཁྲིམས་ཞིབ་པ་ཆེ་དང་། དེ་བཞིན་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་བཅས་འོས་འདེམས་གནང་རྒྱུ་ཡིན་འདུག
དེ་ཡང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ། ཕྱི་ལོ་༢༠༡༩་ཟླ་༩་ཚེས་༢༠་ཉིན་འགོ་འཛུགས་ཀྱི་ཚེས་༣༠་བར་གྱི་ལས་ཉིན་དགུའི་རིང་འཚོགས་གཏན་འཁེལ་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་ཐོག་དམིགས་བསལ་ལས་རིམ་ག་རེ་ཡོད་མེད་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བཅར་འདྲི་ཞུ་སྐབས། ཁོང་གིས། ད་རེས་ཀྱི་ཚོགས་འདུ་འདིའི་ཐོག་འཆར་ཅན་མ་ཡིན་པའི་ལས་རིམ་ཞིག་ནི། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན་གཅིག ཕྱོགས་མཚུངས་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་བཅས་དུས་ཡུན་གཙང་གི་ཡོད་སྟབས་དེ་དག་འོས་འདེམས་གནང་རྒྱུའི་ལས་འཆར་ཡོད་པ་རེད་ཅེས་དང་། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་བསྐོ་ཕྱོགས་ནི་བཅའ་ཁྲིམས་དང་།  སྒྲིག་གཞིའི་ནང་གསལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག གཞན་ཡང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ནས་འདེམས་སྒྲུག་ཚོགས་ཆུང་ཞིག་བསྐོ་བཞག་གིས་ཚོགས་ཆུང་དེས་འོས་མི་འདེམས་སྒྲུག་གནང་ཏེ། སྲིད་སྐྱོང་བརྒྱུད་གྲོས་ཚོགས་སུ་ཕུལ་པའི་འོས་མིའི་ཐོག་སྤྱི་འཐུས་རྣམ་པས་འོས་འཕེན་གྱིས་མང་མོས་ཐོབ་པ་དེར་འདེམས་ཐོན་གསལ་བསྒྲགས་གནང་གི་ཡོད་པ་ངོ་སྤྲོད་གནང་བྱུང་།
གཞན་སྤྱིར་བཏང་ལྟར་བཀའ་ཤག་གི་ལས་བསྡོམས་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་སྡེ་ཚན་གསུམ་གྱིས་ཞིབ་འཇུག་གནང་བའི་གནད་དོན་ཐོག་བཀའ་ཤག་གིས་ལན་འདེབས་གསལ་བཤད་ཐོག སྤྱི་འཐུས་རྣམ་པས་དོགས་འདྲི་དང་སྤྱི་ཡོངས་བགྲོ་གླེང་གནང་རྒྱུ་ཡིན་འདུག
ཐེངས་འདིའི་གྲོས་ཚོགས་ནང་བོད་ནང་༢༠༠༩་ནས་བཟུང་། བོད་དོན་ཆེད་དུ་རང་མེར་བསྲེགས་གནང་བའི་ཛ་དྲག་གི་གནས་སྟང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དང་། མྱ་ངན་གྲོས་ཆོད་ཁག་ཅིག་ཀྱང་འཇོག་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
དེ་མིན་ལས་རིམ་ཁག་གི་དྲི་བ་དྲིས་ལན་དང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཐུགས་སྣང་གཞན་བསྐུལ་བཅས་ཀྱི་ཡོད་པ་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org