བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་ནག་ལ་སྐྱོན་བརྗོད།

བོད་མི་དམངས་སྤྱི་འཐུས་ལྷན་ཁང་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་ངོ་རྒོལ་གནང་བ།

༄༅༎བོད་མདོ་ཁམས་ཆབ་མདོ་ཀརྨ་ཤང་གི་ཉེ་འགྲམ་གྱིང་ཐང་ཞེས་པའི་གྲོང་སྡེ་ནས་ཡིན་པ་སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ཉིན་ཀརྨ་ཤང་དུ་རང་ལུས་ལ་མེ་སྤར་ཏེ་རྒྱ་དམར་གཞུང་ལ་ངོ་རྒོལ་གནང་བ་དེ་ནི། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གིས། ཕྱི་ཟླ་ ༡༢ ཚེས་ ༢ ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དེའི་ནང་འཁོད་འདུག།
བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ལུས་པོར་ རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ད་ལྟ་ཆབ་མདོ་རྫོང་གི་སྨན་ཁང་ཞིག་གི་ནང་ཡོད་ཀྱང་། ནང་མི་གཉེན་ཉེ་སོགས་མི་གཅིག་ཀྱང་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་དེའི་ནང་། དེ་ལྟའི་ལས་འགུལ་བརྩམས་དགོས་པའི་རྒྱུ་མཚན་ནི་རྒྱ་དམར་གཞུང་ནས་སྤྱིར་བོད་ས་ཡོངས་དང་སྒོས་སུ་བོད་རང་སྐྱོང་ལྗོངས་ཟེར་བར་བོད་མིར་དྲག་སྤྱོད་དང་། གདུག་རྩུབ་ཇེ་མང་བཏང་དང་གཏོང་བཞིན་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༦ ཐོ་རངས་ཚོད་ ༤ པར་ཀརྨ་ཤང་ས་གནས་སྲིད་གཞུང་གི་ལས་ཁུངས་སུ་འབར་རྫས་གས་གཏོར་བྱུང་བ་ནས་བཟུང་། ཀརྨ་དགོན་དང་དེའི་ཉེ་འདབས་སུ་སྡོད་མཁན་ཚོར་འགྲིམ་འགྲུལ་བཀག་བསྡོམས་སོགས་དམིགས་བསལ་དམ་དྲག་བཙིར་གནོན་བྱེད་བཞིན་ཡོད་པ་དང་། ཀརྨ་དགོན་གྱི་མཁན་པོ་རྣམ་སྲས་བསོད་ནམས་དང། བློ་གྲོས་རབ་གསལ་སོགས་འཛིན་བཟུང་བྱས་པ་དང་། དེའི་རྗེས་སུ་དགོན་དེའི་དགེ་འདུན་པ་བདུན་ཅུ་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་སྐོར་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་པ་རེད།
མདོ་དོན་ཡང་སྙིང་རྒྱ་དམར་གཞུང་གི་གདུག་རྩུབ་ཚད་བྲལ་ལ་བཟོད་མ་ཐུབ་ནས་སྐུ་ལུས་ཞུགས་མེར་སྒྲོན་པ་ཞིག་ཡིན། རྒྱ་དམར་གཞུང་གི་གདུག་རྩུབ་དེ་རིགས་མཚམས་འཇོག་མ་བྱས་ཚེ་མ་འོངས་པར་བོད་ནང་གི་གནས་སྟངས་ཆེས་ཛ་དྲག་ཏུ་གྱར་ཉེན་འདུག་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། རང་དབང་ལ་དགའ་བའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་དམིགས་བསལ་དོ་འཁུར་བཞེས་པའི་ཐོག་བོད་ས་ཡོངས་ཀྱི་དངོས་ཡོད་གནས་སྟངས་ཇི་ཡོད་རྟོག་ཞིབ་པ་འཕྲལ་གཏོང་དང་འབྲེལ་བོད་མིའི་དཀའ་སྡུག་སེལ་ཐབས་དགོས་པའི་འབོད་བསྐུལ་ནན་མོ་ཞུ་བཞིན་ཡོད་བཅས་འཁོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org