ནེའུ་ཡོག་ནས་ཚེ་རིང་དབང་འདུས་ལགས་གསོད་མཁན་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་འདུག

ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་(Elmhurst)་ས་གནས་སུ་ཉེ་ལམ་ཕྱི་ལོ་གསར་ཚེས་ཉིན་རང་ལོ་༢༩་ཡིན་པའི་ཚེ་རིང་དབང་འདུས་ལགས་ལ་གྲི་བཙུགས་ནས་གསོད་མཁན་དེ་(Torrence Holmes)་ཡིན་པའི་ནག་ཉེས་བཙུགས་འདུག

ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་པའི་མོ་ཀྲ ༢༠༢༢ AP

ཕྱི་ཟླ་༣ཚེས་༢༣རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཉེན་རྟོག་པས་རང་ལོ་༣༥ཡིན་པའི་(Torrence Holmes)་འཛིན་བཟུང་བྱས་ཡོད་པ་དང་། ཁོང་ནི་ཉེ་ལམ་སྤྱི་ལོ་གསར་བའི་ཚེས་༡ཉིན་རང་ལོ་༢༩་ཡིན་པའི་ཚེ་རིང་དབང་འདུས་ལགས་ལ་གྲི་བཙུགས་ནས་གསོད་མཁན་ཡིན་པའི་ཉེས་འཛུགས་བྱས་འདུག
ཕྱི་ལོ་༢༠༢༤་ལོའི་ཟླ་དང་པོའི་ཚེས་༡་ཉིན་གྱི་ཐོ་རེངས་ཆུ་ཚོད་༤་ཙམ་ལ་ནིའུ་ཡོག་གི་ཉེན་རྟོག་པར་ཛ་དྲག་གི་ཁ་པར་སླེབས་པ་ལྟར། ས་གནས་ལ་བསྐྱོད་སྐབས་རང་ལོ་༢༩་ཡིན་པའི་ཚེ་རིང་དབང་འདུས་ལགས་ཀྱི་རྐང་པར་གྲི་རྒྱབ་པ་དང་ཁོང་གི་གྲོགས་པོར་ཡང་གྲི་རྒྱབ་པ་མཐོང་པར་འཕྲལ་དུ་སྨན་ཁང་ལ་ཁྲིད་ཡོད་ནཡང་ཚེ་རིང་དབང་འདུས་ལགས་དུས་ཡུན་རིང་པོར་མ་སོང་བར་འདས་གྲོངས་སུ་ཕྱིན་པ་གསལ་བསྒྲགས་བྱས་འདུག གནད་དོན་དེའི་ཐད་ཉེན་རྟོག་པས་རྟོག་ཞིབ་བྱས་པའི་རྗེས་སུ། ཚེ་རིང་དབང་འདུས་ལགས་དང་། ཁོང་གི་གྲོགས་པོ་གཉིས་ཕྱི་ལོ་གསར་ཚེས་ཀྱི་སྔ་ནུབ་ལ་(KTM)་ཞེས་པའི་ཆང་ཁང་དང་(Karaoke)་གཞས་གཏོང་སར་ཕྱི་ལོ་གསར་པ་སྲུང་བརྩི་བྱེད་པར་ཕྱིན་པར། ཁོང་གཉིས་དང་ཆང་ཁང་དེའི་སྒོ་སྲུང་བ་(Torrence Holmes)་བར་ཁ་རྩོད་ཤོར་བ་དེ་འཁྲུག་རྩོད་ཆེན་པོ་གྱུར་ནས་མཚན་ཚོགས་འཚོགས་ས་དེ་ནས་ཕྱི་ལ་ཐོན་པའི་རྗེས་སུ་(Terrence Holmes)་གྱིས་ཚེ་རིང་དབང་འདུས་དང་ཁོང་གི་གྲོགས་པོར་གྲི་རྒྱབ་སྐོར་ས་གནས་ཉེན་རྟོག་པས་བརྗོད་འདུག དེ་ནས་ནེའུ་ཡོག་གི་ཉེན་རྟོག་པས་(Terrence Holmes)་གྱིས་མི་བསད་པ་དང་གོ་མཚོན་བདག་བཟུང་བྱས་པ། དེ་བཞིན་མི་གསོད་ཁྲག་སྦྱོར་གྱི་ནག་ཉེས་བསགས་པའི་ར་སྤྲོད་དཔང་རྟགས་མེད་པ་བཟོ་ཐབས་བྱས་པའི་ཁྲིམས་འགལ་ནག་ཉེས་བཙུགས་འདུག
ད་ཆ་(Terrence Holmes)་ས་གནས་ཀྱི་ཉེན་རྟོག་ཁང་དུ་ཁྲིད་ཟིན་ན་ཡང་བཙོན་འཇུག་སོགས་ཀྱི་ཉེས་ཆད་དངོས་སུ་ག་དུས་གཅོད་རྒྱུ་ཡིན་མིན་རྗེས་སུ་ཐག་གཅོད་བྱེད་འཆར་འདུག རྐྱེན་ངན་གནས་ཚུལ་དེ་ནི་ཕྱི་ལོ་༢༠༢༤་ལོ་གསར་པ་ཤར་མ་ཐག་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་བྱུང་བའི་མི་བསད་པའི་དོན་རྐྱེན་ཐོག་མ་དེ་ཆགས་ཡོད་པ་ནེའུ་ཡོག་གི་(patch)་སོགས་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org