དམངས་འཚོ་ལེགས་བཅོས་དོན་དུ་གནས་དགོས་པའི་རེ་སྐུལ།

མདོ་སྨད་རྨ་ཆུ་རྫོང་གི་མང་ཚོགས་ཀྱི་འཐུས་མི་ཚོས་དམངས་འཚོ་ལེགས་བཅོས་དོན་དུ་གནས་དགོས་པ་སྲིད་གཞུང་ལ་རེ་སྐུལ་གནང་འདུག

མདོ་སྨད་རྨ་ཆུ་རྫོང་གི་མང་ཚོགས་ཀྱི་འཐུས་མི་ཚོས་དམངས་འཚོ་ལེགས་བཅོས་དོན་དུ་གནས་དགོས་པ་སྲིད་གཞུང་ལ་རེ་སྐུལ་གནང་སྐབས། ༢༠༡༥།༡༠ བོད་འབྱོར།

མདོ་སྨད་རྨ་ཆུ་རྫོང་གི་མང་ཚོགས་ཀྱི་འཐུས་མི་ཚོས་དམངས་འཚོ་ལེགས་བཅོས་དོན་དུ་གནས་དགོས་པ་སྲིད་གཞུང་ལ་རེ་སྐུལ་གནང་འདུག
འབྲོག་པའི་ཕྱུགས་ཟོག་གི་ཤ་གོང་སོགས་ཧ་ཅང་དམའ་བའི་གནས་སྟངས་ཐད་དོན་ཚན་ལྔ་ཅན་གྱི་བསམ་འཆར་ཞིག་སྲིད་གཞུང་ལ་ཕུལ་ནས་རེ་སྐུལ་བྱས་ཡོད་པ་རེད།
དེ་ཡང་ཉེ་ཆར་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ༼རྨ་ཆུ་རྫོང་གི་མང་ཚོགས་ཀྱི་འཐུས་མིས་ཤ་གོང་དང་དངོས་གོང་གི་ཐད་ནས་སྲིད་གཞུང་ལ་ཕུལ་བའི་བསམ་འཆར་༽ཞེས་པའི་འགོ་བརྗོད་དུ་བཀོད་པའི་ཡིག་ཆ་དོན་ཚན་ལྔ་ཅན་གྱི་བསམ་འཆར་རེ་འདུན་ཞིག་སྲིད་གཞུང་ལ་ཕུལ་ཡོད་པ་དེར་མང་ཚོགས་ཀྱི་འཐུས་མི་བཅུ་གཅིག་ཙམ་གྱིས་མིང་རྟགས་དང་། མཛུབ་ཐེལ་བརྒྱབ་ཡོད་ལ། ཡིག་ཆའི་ནང་སྤྱི་ཟླ་བཅུ་བའི་ཚེས་༡༡ཞེས་བཀོད་ཡོད་པ་རེད།
དེ་བཞིན་བོད་ལྭ་གྱོན་པའི་མང་ཚོགས་ཁ་ཤས་ཀྱིས་རྨ་ཆུ་རྫོང་སྲིད་གཞུང་གི་མདུན་དུ། བོད་རྒྱ་ཡིག་རིགས་གཉིས་ནང་༼དམངས་འཚོ་ལེགས་བཅོས་དོན་དུ་གནས་དགོས། ཤ་གོང་དངོས་གོང་ལུགས་དང་མཐུན་དགོས་༽ཞེས་བྲིས་པའི་འཕྲེད་དར་འཕྱར་ནས་ཡར་ཞུ་བྱེད་བཞིན་པའི་དང་པར་དང་བརྙན་པར་ཡང་འབྱོར་ཡོད།
ཡང་གོང་བརྗོད་སྙན་ཞུ་དེའི་ནང་གཙོ་བོ་རྨ་ཆུ་རྫོང་གི་བཤའ་རའི་ཚོགས་ཁག་གིས་ལྐོག་གཡོ་ངན་འབྲེལ་གྱིས་ཤ་གོང་གཅིག་གྱུར་གྱིས་མར་གནོན་ཐབས་བྱས་ཏེ་མང་ཚོགས་ཀྱི་ཕྱུགས་ཟོག་ཉོ་ཚོང་གི་རིན་གོང་དོ་མི་མཉམ་པ་བཟོས་བ། སྲིད་གཞུང་གིས་ཁྲོམ་རའི་འཁོར་རྒྱུགས་ལ་ཚོད་འཛིན་མ་བྱས་པ་དང་། དྲང་བདེན་གྱི་ཁྲོམ་རའི་འགྲན་རྩོད་ཀྱི་ཁོར་ཡུག་མ་བསྐྲུན་པས་མང་ཚོགས་ལ་དཀའ་ངལ་འཕྲད་བཞིན་པ་སོགས་དོན་ཚན་ལྔ་བཀོད་ནས། ངེད་ཅག་ནི་རང་སའི་བདེ་སྡུག་ལ་སེམས་ཁྲལ་ཆེ་ཞིང་རང་ས་གནས་ཀྱི་གོང་སྤེལ་ཡར་རྒྱས་ལ་བསམ་པ་རྣམ་དག་བཟུང་བའི་འབྲོག་ཕྲུག་འགའ་ཡིན་ཏེ། ཐེངས་འདིར་མང་ཚོགས་ཀྱི་རེ་འདུན་དང་དུ་བླངས་ཤིང་། རང་དོན་གྱི་ཁེ་ཕན་དམིགས་སུ་མ་བཟུང་བར་གཞུང་དོན་གྱི་འབྲས་བུ་དོན་ཐོག་ཏུ་སྨིན་ཐུབ་པའི་བསམ་པ་བཟུང་སྟེ། སྲིད་གཞུང་ལ་མང་ཚོགས་ཀྱི་འཚོ་ཚིས་དཔལ་འབྱོར་ལ་འབྲེལ་བའི་བསམ་འཆར་འགའ་ཞུས་པ་ཡིན། ཤ་གོང་དངོས་གོང་གི་ཐད་ནས་མ་ཡིན་པའི་བསམ་འཆར་དང་དོན་རྐྱེན་འཕུལ་མཁན་ཡོད་ཚེ་ང་ཚོ་དང་འབྲེལ་བ་མེད་པ་ཐུགས་འཇགས་འཚལ་ཞེས་རྨ་ཆུ་རྫོང་གི་ཕྱུགས་ཟོག་གི་རིན་གོང་དངོས་གོང་ཆ་མཉམ་མིན་པ་བརྗོད་ཡོད།
དེ་མིན་དེང་སྐབས་བོད་ཀྱི་འབྲོག་ཁུལ་ནས་ཕྱུགས་ཟོག་གི་རིན་གོང་མར་ཆགས་ནས་འབྲོག་པ་མང་ཚོགས་རྣམས་དཀའ་ངལ་ལ་འཕྲད་བཞིན་ཡོད་ལ། མཚོ་སྔོན་གྱི་འབའ་རྫོང་དང་མང་རྫོང་སོགས་ནས་མང་ཚོགས་རང་ཉིད་ཀྱིས་ཕྱུགས་ཟོག་གི་རིན་གོང་གཅིག་གྱུར་གྱི་ཐག་གཅོད་བྱས་ནས་བཙོང་བ་ལས་། མང་ཚོགས་རང་རང་གིས་གོང་ཁེ་བོ་བྱས་ནས་བཙོང་མི་ཆོག་པའི་ཐབས་ཤེས་འཐེན་ཏེ། ད་ལྟའི་ནོར་ལུག་གི་རིན་གོང་ཧ་ཅང་དམའ་བའི་གནས་སྟངས་འདི་བཏང་སྙོམས་ཀྱི་ཐབས་ཤེས་འཐེན་བཞིན་ཡོད་པ་རེད།

གསར་འགོད་པ་ལྕགས་མོ་འཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org