བལ་ཡུལ་ནང་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་འཕོ་འགྱུར།
གསར་དུ་འོས་འདེམས་བྱུང་བའི་བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ཕུར་བུ་བཀྲིས་ལགས་ཀྱིས་ལས་དོན་རྩིས་ལེན་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དགོངས་བཞིན་དགོས་མཁོ་ཅན་གྱི་མི་མང་གི་རེ་བ་བསྐོང་ཐབས་གནང་རྒྱུའི་དམ་བཅའ་བཞག་འདུག
- 2022-07-01
-
-
-
ཕྱི་ཟླ་དྲུག་པའི་ཚེས་༢༩ཉིན་བལ་ཡུལ་ནང་བོད་མི་མང་ཤོས་གནས་སྡོད་བྱེད་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་གསར་རྙིང་བར་གྱི་རྩིས་སྤྲོད་རྩིས་ལེན་འགྲུབ་པའི་རྗེས། ས་གནས་འགོ་འཛིན་གོང་མ་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་ཀྱིས་འདས་པའི་ཉམས་མྱོང་དང་། སྤྱི་པའི་ལས་དོན་གནང་སྐབས་སྐུ་ངལ་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་སྐོར་གཏམ་བཤད་གནང་བ་དང་། མི་མང་གིས་གསར་དུ་འོས་འདེམས་བྱས་བའི་ས་གནས་འགོ་འཛིན་ཕུར་བུ་བཀྲིས་ལགས་ཀྱིས་མ་འོངས་ཕྱག་ལས་གནང་འཆར་སོགས་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དགོངས་བཞིན་དགོས་མཁོ་ཅན་གྱི་མི་མང་ཉམས་ཐག་ཚོའི་རེ་བ་བསྐོང་ཐབས་གནང་རྒྱུའི་དམ་བཅའ་བརྟན་པོའི་ཐོག་ནས་ལས་དོན་དབུ་འཛུགས་གནང་རྒྱུ་ཡིན་སྐོར་གསུངས་འདུག
གསར་དུ་འོས་འདེམས་བྱུང་བའི་ས་གནས་འགོ་འཛིན་ཕུར་བུ་བཀྲིས་ལགས། བལ་ཡུལ་ནང་ཡུན་རིང་བོད་ཀྱི་སློབ་གྲྭ་དང་དགོན་སྡེ་སོགས་སུ་དགེ་རྒན་གྱི་གནང་མྱོང་མཁན་ཞིག་ཡིན་འདུག་ལ་ཉེ་ལམ་ཚེས་༡༨ཉིན་མི་མང་གིས་བལ་ཡུལ་མཆོད་འཇོར་ས་གནས་ཀྱི་སྐབས་༧པའི་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁང་གི་འབྲེལ་མཐུད་པ་སྐུ་ཞབས་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་བཀྲིས་དོན་གྲུབ་ལགས་སོགས་བལ་ཡུལ་ནང་ཡོད་པའི་གནད་ཡོད་མི་སྣ་ཁག་ཅིག་ཕེབས་བཅར་གནང་ཡོད་པ་མ་ཟད། མཆོད་འཇོར་ས་འཐུས་ཚོགས་གཞོན་དང་། མཆོད་རྟེན་དང་འཇོར་པ་ཌི་ས་གནས་རང་བདེན་ཚོགས་གཙོ་རྣམ་གཉིས་དང་། ས་གནས་འགོ་འཛིན་ཟུར་པ་རྣམ་གསུམ། དེ་བཞིན་ས་གནས་མཐོ་སློབ་གཉིས་ཀྱི་དབུ་འཛིན་རྣམ་པ་གཉིས་དང་། དགོན་སྡེ་གྲ་ཚང་ཁག་གི་ལས་ཀྱི་སྣེ་མོ་བ་སོགས་བཅར་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།