ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་བརྩི།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་བ་ད་རེས་ཐོག་མ་དེ་ཆགས་ཡོད་པ་རེད།
-
2015-02-23 -
-
-
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་བ་ད་རེས་ཐོག་མ་དེ་ཆགས་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་Sarah Sewallམཆོག་གིས་སྤྱི་ཚེས་༢༣བོད་ཀྱི་ལོ་གསར་ཚེས་༥ཉིན་ཕྱི་སྲིད་ལས་ཁུངས་ནང་། བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་མཛད་སྒོའི་ཐོག་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་Sarah Sewallམཆོག་གིས། བོད་མི་ཚོ་མི་འབོར་གྱི་ཆ་ནས་ཉུང་ཤས་ལས་མེད་ཀྱང་། བོད་མི་ཚོས་སོ་སོའི་ངོ་བོ་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐུབ་པ་དང་། ད་རེས་ང་ཚོའི་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་དང་བོད་མིའི་ངོ་བོ་ངོ་སྤྲོད་གནང་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་བ་ད་རེས་ཐོག་མ་དེ་ཆགས་ཡོད་པ་རེད།
སྤྱིར་བཏང་ཕྱི་སྲིད་ལས་ཁུངས་ནང་རྒྱལ་ཁབ་འདྲ་མིན་གྱི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ལམ་སྲོལ་ཡོད་པ་ལྟར། ད་རེས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཞིག་ཡིན་འདུག་ལ། ལོ་གསར་སྲུང་བརྩི་ཞུ་རྒྱུའི་རྟེན་འབྲེལ་གྱི་མཛད་སྒོའི་མཐུན་འགྱུར་ཞུ་མཁན་འདི་ག་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ས་གནས་བོད་མི་ཚོ་ཡིན་པ་རེད།
དམིགས་བསལ་བོད་དོན་འབྲེལ་མཐུད་པ་ལྕམ་སཧ་ར་སེ་ཝལ་མཆོག་སྔ་ལོའི་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་གཅིག་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་ཞིག་ཡིན་པ་རེད། ཁོང་ནི་ཕྱི་སྲིད་ལས་ཁུངས་ནང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། སྤྱི་མང་གི་ཐོབ་ཐང་བཅས་པའི་ལས་དོན་ཚན་པའི་དྲུང་ཆེ་གཞོན་པའི་ཐུགས་འགན་བཞེས་མུས་ཡིན་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།